རྒྱ་ནག་ལ་མི་མང་དང་ཉེན་རྟོག་པའི་དབར་ལ་རྩོད་རྙོག་བྱུང་ཡོད་འདུག

རྒྱ་ནག་ཧི་ནན་གྱི་ཡང་ཌ་ཀྲའོ་གྲོང་གསེབ་ནས་ཡིན་པའི་བུད་མེད་ཅིག་ལ་ཁྱོ་གས་གྲི་བཙུགས་ནས་བསད་པ་དང་། ཁྱོ་གའི་ནང་མིས་ཕུང་པོ་ལ་བདག་པོ་མ་བརྒྱབ་པར་ཉིན་དེའི་དགོང་མོར་སྤུན་མཆེད་ཀྱི་ནང་དུ་བྲོས་བྱོལ་ལ་ཕྱིན་ཡོད་འདུག ཉིན་ལྔ་ཕྱིན་རྗེས་བུད་མེད་དེའི་ནང་མིས་དོན་རྐྱེན་བྱུང་བ་ཧ་གོ་བའི་རྗེས་ཁྱོ་གའི་ཁྱིམ་དུ་ཡོང་ནས་ཕུང་པོ་དེ་ཚོམས་ཆེན་ནང་བཞག་ཡོད་འདུག་ཀྱང་། ཟླ་འདིའི་ཚེས་༢༦ དགོང་མོར་བུད་མེད་དེའི་ཕུང་པོ་རྐུ་འཁྱེར་བྱས་ཡོད་པས། ས་ཁུལ་དེའི་ཡུལ་མི་ཚོས་ཁྱོ་གའི་ནང་མིར་དོན་རྐྱེན་དེ་འབྲེལ་འགྲེལ་བརྗོད་ཁ་གསལ་དགོས་པའི་ཆེད་འདུ་འཛོམས་བྱས་པར་ས་གནས་ཉེ་རྟོག་པ་མང་པོས་བཀག་འགོག་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་ཡུལ་མི་དང་ཉེན་རྟོག་པའི་བར་རྩོག་རྙོག་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་བ་འདིའི་ཚེས་༢༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཚེས་༢༠ དགོང་མོར་རྒྱ་ནག་ཧི་ནན་གྱི་ཡང་ཌ་ཀྲའོ་གྲོང་གསེབ་ནས་ཡིན་པའི་ལོ་ན་༢༤ ཡིན་པའི་བུད་མེད་ཧྥང་ཟེར་མཁན་ཞིག་ལ་ཁོང་མོའི་ཁྱོ་ག་རུས་མིང་ཀྲང་ཟེར་མཁན་ཞིག་གིས་སྐེ་ལ་གྲི་ཐེངས་བརྒྱད་བཙུགས་ནས་བསད་པ་དང་། ཁྱོ་ག་དེ་ཉེན་རྟོག་པས་འཁྲིད་ཕྱིན་ཡོད་པ་དང་། ཁྱོ་གའི་ནང་མི་རྣམས་གནས་ཚུལ་ཐོན་པའི་དགོང་མོར་སྤུན་མཆེད་ཀྱི་ནང་དུ་བྲོས་བྱོལ་ལ་ཕྱིན་ནས་ཉིན་ལྔ་བསྟུད་མར་བུད་མེད་དེའི་ཕུང་པོ་ལ་བདག་པོ་མ་བརྒྱབ་པ་བཞག་ཡོད་འདུག ཉིན་ལྔ་རྗེས་བུད་མེད་དེའི་ནང་མིས་དོན་རྐྱེན་དེ་ཧ་གོ་བ་དང་ཁྱོ་གའི་ཁྱིམ་དུ་ཡོང་ནས་ཕུང་པོ་ཚོམས་ཆེན་གྱི་ནང་བཞག་ཡོད་ཀྱང་། ཟླ་འདིའི་ཚེས་༢༦ དགོང་མོར་ཕུང་པོ་རྐུ་འཁྱེར་གྱི་གར་སོང་ཆ་མེད་དུ་གྱུར་བར་བརྟེན། ས་གནས་དེའི་ཡུལ་མི་ཚོ་ཁོང་ཁྲོ་དྲག་པོ་ལངས་ནས་འདུ་འཛོམས་ཀྱིས་ཁྱོ་གའི་ནང་མི་ལ་དོན་རྐྱེན་དེ་ཇི་ལྟར་བྱུང་བའི་ཐོག་ལ་གསལ་བཤད་བྱེད་དགོས་ཞེས་བརྗོད་ཡོད་འདུག
འདུ་འཛོམས་ཁྲོད་ཀྱི་སྐྱེས་པ་ཞིག་གིས་བརྗོད་གསལ་ལ། འདུ་འཛོམས་སྐབས་ས་གནས་ཡུལ་མི་༥༠༠༠ ཙམ་ཡོད་པ་དང་། སྐབས་དེར་ཉེན་རྟོག་པ་རྣམས་རླངས་འཁོར་ནང་ལ་བཀག་ནས་བཞག་ཡོད་ཀྱང་མི་མང་གིས་ཉེན་རྟོག་པའི་རླངས་འཁོར་ལ་གཏོར་བཤིག་བཏང་བ་སོགས་བྱེད་ཡོད་པ་དང་། དེའི་སྐབས་ང་གནས་ཚུལ་ལྷག་ཡུལ་ལ་མེད་ཅེས་བརྗོད་འདུག

ཁོང་གིས་མུས་མཐུད་བརྗོད་གསལ། མི་མང་གི་འདུ་འཛོམས་སྐབས་ཉེན་རྟོག་པ་མང་པོ་ཞིག་སླེབས་ནས་མི་མང་པོ་འཛིན་བཟུང་དང་ཉེས་རྡུང་བཏང་བ་སོགས་བྱས་སོང་ལ་སྐབས་དེར་ང་ཚོས་གྲོངས་མཁན་གྱི་བུ་མེད་དེའི་ནང་མི་མཐོང་མ་སོང་། འོན་ཀྱང་མི་གཞན་གྱིས་བཤད་པར་ལྟར་ན་བུད་མེད་གྲོངས་མཁན་དེའི་ནང་མི་ཚང་མ་མི་མང་འདུ་འཛོམས་མ་བྱས་པའི་སྔ་ནུབ་ལ་ཉེན་རྟོག་པས་འཁྲིད་སོང་ཞེས་བརྗོད་པའི་གནས་ཚུལ་ཐོན་འདུག

དེ་བཞིན་བུད་མེད་དེའི་གཅེན་པོས་བརྙན་ཐུང་བརྒྱུད་བརྗོད་གསལ་ལྟར་ན། ཁྱོ་གའི་ནང་མི་རྣམས་ནི་རྒྱབ་རྩ་ཡོད་མཁན་དང་། གཉེན་ཉེ་ཞིག་ས་གནས་ཉེས་རྟོག་པ་ཡང་ཡིིན་རབས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བདེ་སྒྲོན།