རྒྱ་ནག་སི་ཁྲོན་དུ་སློབ་གྲྭའི་བུ་མོ་ཞིག་དང་འབྲེལ་ནས་མི་མང་གིས་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་བྱས་འདུག

རྒྱ་ནག་གི་སློབ་གྲྭ་ཁག་དུ་མའི་ནང་སློབ་མ་ཕན་ཚུན་བར་དབང་ཡོད་དང་ཐུབ་ཚོད་བཤད་ནས་སློབ་མ་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཀྱི་ཡོད་འདུག་པ་དང་། འདས་པའི་ལོོའི་ནང་སློབ་མ་འགའ་ཤས་རང་ཤི་རྒྱག་པ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་ཡོད་པ་བཞིན། ཉེ་ཆར་སི་ཁྲོན་ཞིང་ཆེན་ནང་སློབ་མ་བུ་མོ་ཞིག་ལ་སློབ་མ་གཞན་ཚོས་ཐུབ་ཚོད་དང་བརྙས་བཅོས་གཏོང་བཞིན་པའི་གནད་དོན་ཞིག་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་ནས་མི་མང་རྒྱ་ཆེན་པོས་ངོ་རྒོལ་བྱས་འདུག 

ཕྱི་ཚེས་༦ ཉིན་བྷི་བྷི་སི་དང་གཞན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གི་སི་ཁྲོན་ཞིང་ཆེན་ནང་དུ་ཡོད་པའི་སློབ་གྲྭ་ཞིག་གི་བུ་མོ་ལོ་༡༤ ཅན་ཞིག་ལ་བུ་མོ་གཞན་གསུམ་གྱིས་རུབ་བརྒྱབ་ནས་རྡོག་རྒྱག་དང་། འགྲམ་ལྕག་བཞུས་པ་སོགས་ཀྱི་བརྙས་བཅོས་ཆུ་ཚོད་༤ ཙམ་རིང་མྱོང་ཡོད་པའི་བརྙན་ཞིག་བདུན་ཕྲག་སྔོན་མར་དྲྭ་ལམ་ཐོག་ཏུ་ཁྱབ་ཡོད་འདུག་པ་དང་། སྤྱིར་བཏང་གནས་ཚུལ་དེ་ཕྱི་ཟླ་༧ པའི་ཚེས་༢༢ ཉིན་བྱུང་ཡོད་འདུག་ཅིང་། སྐབས་དེ་དུས་བརྙས་བཅོས་གཏོང་མཁན་བུ་མོ་གསུམ་ནས་གཅིག་གིས་བརྙས་བཅོས་གཏོང་བཞིན་པའི་སྐབས་སུ་བརྙན་བཟོས་ཡོད་འདུག་པར་བརྟེན། ཟླ་བ་འདིའི་ཚེས་༢ ཉིན་བརྙན་དེ་དྲྭ་ཐོག་ཏུ་བཞག་རྗེས་རྒྱ་ནག་ནང་གི་མི་ས་ཡ་མང་པོས་བལྟས་ནས་སྐྱོན་རྗོད་ཀྱི་མཆན་འདྲ་མིན་མང་པོ་བཀོད་ནས་གནས་ཚུལ་དེ་རྒྱ་ནག་ནང་ཆེན་པོ་ཆགས་ཡོད་འདུག

བརྙས་བཅོས་གཏོང་སའི་བུ་མོ་དེའི་ཨ་མ་འོན་པ་ཞིག་ཡོད་འདུག་ཅིང་། མ་ཡིས་སློབ་གྲྭ་དང་ས་གནས་གཞུང་གི་ཉེན་རྟོག་པས་བརྙས་བཅོས་གཏོང་མཁན་བུ་མོ་གསུམ་དེ་ལ་ཉེས་པ་ཆེན་པོ་གཏོང་དགོས་པའི་རེ་འབོད་ཞུས་ཡོད་འདུག་ཀྱང་། གཞུང་གིས་བུ་མོ་གསུམ་པོ་དེ་རྣམས་དམིགས་བསལ་སློབ་གསོ་སྤྲོད་སའི་སློབ་གྲྭ་ཞིག་ལ་བཏང་ཡོད་ཚུལ་བརྗོད་པ་ལས་གཞན་ཉེས་ཆད་གང་ཡང་བཅད་མེད་པར་བརྟེན། ཚེས་༤ ཉིན་ས་གནས་མི་མང་༡༠༠༠ ལྷག་འཛོམས་ནས་ས་གནས་གཞུང་གི་ལས་ཁུངས་མདུན་དུ་ངོ་རྒོལ་དང་གཞན་བུ་མོ་གསུམ་དེ་ལ་ཉེས་ཆད་ཆུང་དྲགས་ཡོད་པ་དང་། ས་གནས་གཞུང་གིས་དྲང་པོ་བྱས་མེད་པ་སོགས་ཀྱི་ངོ་རྒོལ་ཆེན་པོ་བྱས་ཡོད་ཅིང་། རྗེས་སུ་གནས་ཚུལ་དེ་ཆེན་པོ་ཆགས་ནས་དུས་ཚོད་ཐུང་ཐུང་ཞིག་ནང་རྒྱ་ནག་གཞུང་གིས་དྲྭ་ཐོག་ཏུ་གནས་ཚུལ་དེའི་སྐོར་ཡོངས་རྫོགས་ནག་བསུབ་བཏང་ནས་མི་མང་ཁྲོད་གླེང་སློང་བྱེད་མི་ཆོག་པ་བཟོས་ཡོད་འདུག དྲྭ་ཐོག་ཏུ་ཁྱབ་པའི་བརྙན་ཐུང་དེའི་ནང་བུ་མོ་གསུམ་པོ་དེས་ཁོང་ཚོ་ཉེན་རྟོག་པ་ལ་སྐྲག་གི་མེད་པ་དང་། དེ་སྔོན་ཉེན་རྟོག་ཁང་དུ་ཐེངས་༡༠ ཙམ་འགྲོ་མྱོང་ཡོད་སྐོར། ཁོང་ཚོ་ལ་ཉེན་རྟོག་པ་རྣམས་ཀྱིས་བསླབ་བྱ་སྐར་མ་༢༠ ཙམ་བརྒྱབས་པ་ལས། གཞན་གང་ཡང་བྱེད་ཀྱི་མེད་སྐོར་བརྗོད་ཡོད་འདུག  དེ་བཞིན་དྲྭ་ཐོག་ཏུ་གནས་ཚུལ་དེ་དང་འབྲེལ་ནས་གནས་ཚུལ་གཞན་ཞིག་ཁྱབ་ཡོད་པ་ནི། བུ་མོ་གཞན་གསུམ་པོའི་ཁྲོད་ནས་གཅིག་ཁྲིམས་རྩོད་པ་ཞིག་གི་བུ་མོ་ཡིན་པ་དང་། གཅིག་ཉེན་རྟོག་པའི་འགོ་ཁྲིད་ཅིག་གི་བུ་མོ་ཡིན་པར་བརྟེན། མི་ཚང་ཉམ་ཆུང་གི་བུ་མོ་དེར་བརྙས་བཅོས་ཚད་མེད་གཏོང་གི་ཡོད་པར་བརྗོད་འདུག་ལ། སྤྱིར་བཏང་རྒྱ་ནག་ནང་མི་མང་གིས་ངོ་རྒོལ་གང་བྱུང་བྱེད་ཆོག་གི་མེད་ཀྱང་། རྒྱུ་མཚན་དེ་ལ་བརྟེན་ནས་མི་མང་ཚོས་ཁོང་ཁྲོ་ཆེན་པོའི་ཐོག་ནས་ངོ་རྒོལ་བྱས་ཡོད་འདུག་ཅིང་། སི་ཁྲོན་ཞིང་ཆེན་ནང་མི་མང་གིས་ངོ་རྒོལ་དེ་འདྲ་བྱས་པ་ནི་འདས་པའི་ལོ་མང་པོའི་ནང་ཐེངས་དང་པོ་ཡིན་པར་རྗོད་ཀྱི་ཡོད་འདུག

སྤྱིར་བཏང་རྒྱ་ནག་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་དུ་ཕྱིན་ཏེ། ད་ལྟ་ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ནང་གི་གནད་དོན་འདྲ་མིན་སྐོར་དཔྱད་བརྗོད་སྤེལ་མཁན་ཚོས་བརྗོད་དོན་ལ། རྒྱ་ནག་ནང་ཁྱིམ་ཚང་ཉམ་ཆུང་ཚོའི་ཕྲུ་གུ་རྒྱལ་ས་ཆེ་ཁག་དང་གྲོང་ཁྱེར་ཆེ་ཁག་ཏུ་ཚོང་དང་ཤེས་ཡོན་གྱི་ཆེད་དུ་བསྐྱོད་དུས་གར་སོང་ཆ་མེད་དུ་འགྱུར་མཁན་ཧ་ཅང་མང་པོ་ཡིན་པར་རྗོད་ཀྱི་འདུག་ཅིང་། ཁོང་ཚོ་གར་སོང་ཆ་མེད་དུ་གྱུར་དོན་ནི་རྒྱ་ནག་ནང་འཐོབ་གོ་ས་དང་རྒྱུ་འབྱོར་བ་ཡོད་མཁན་གྱི་དབང་ལྡན་པ་ཚོས་སློབ་གྲྭ་དང་མཐོ་སློབ་ཀྱི་མགོ་གཙོ་རྣམས་དང་ལྐོག་ཏུ་ངན་འབྲེལ་བྱས་ནས། ཕྲུ་གུའི་དབང་པོ་རྐུ་མ་རྒྱག་གི་ཡོད་པར་རྗོད་ཀྱི་འདུག དེའི་རྒྱུ་མཚན་གཅིག་ནི་རྒྱ་ནག་གི་སློབ་གྲྭ་དང་མཐོ་སློབ་ཀྱི་མགོ་གཙོ་ཚོའི་ལག་ཏུ་སློབ་མ་ཚང་མའི་འཕྲོད་བསྟེན་གྱི་གནས་ཚུལ་དང་། ཁྲག་གི་རིགས་ག་རེ་ཡིན་མིན་སོགས་ཀྱི་གནས་ཚུལ་ཆ་ཚང་ཡོད་པར་བརྟེན། ཁོང་ཚོ་ལ་དགོས་པའི་ཁྲག་རིགས་མཐུན་པ་དང་། འཕྲོད་བསྟེན་ཡག་པོ་ཡོད་མཁན། ཁྱིམ་ཚང་ལ་རྒྱབ་རྟེན་མེད་མཁན་གྱི་ཕྲུ་གུའམ་སློབ་མ་མང་པོ་ལྐོག་གསོད་གཏོང་གི་ཡོད་པ་དང་། ཁོང་ཚོ་གར་སོང་ཆ་མེད་དུ་གྱུར་ནས་ཕ་མ་འཚོལ་ཞིབ་བྱེད་མཁན་ཧ་ཅང་མང་པོ་ཡིན་པར་རྗོད་ཀྱི་འདུག

འདི་ལོའི་ཕྱི་ཟླ་༡ ནང་རྒྱ་ནག་གི་(Shaanxi )ཧྲན་ཞིའི་ཞིང་ཆེན་ནང་སློབ་མ་བུ་ཞིག་འཛིན་གྲོགས་ཚོས་ལྐོག་གསོད་བཏང་པའི་གནད་དོན་ཞིག་བྱུང་ཡོད་པ་དང་། ལྐོག་གསོད་གཏོང་མཁན་སློབ་མ་དེའི་ཕ་གཞུང་གི་ལས་བྱེད་མཐོ་གྲས་ཤིག་ཡིན་པའི་དབང་གིས། སྐབས་དེ་དུས་གཞུང་གིས་གནས་ཚུལ་སྦས་སྐུང་བྱས་པར་བརྗོད་ནས་མི་མང་ཧ་ཅང་མང་པོས་ངོ་རྒོལ་བྱས་ཡོད།

 དེ་བཞིན་ལོ་སྔོན་མར་རྒྱ་ནག་གི་ཧི་བྷེ་ཞིང་ཆེན་(Hebei )ཟེར་བ་དེའི་ནང་སློབ་མ་རང་ལོ་༡༣ ཅན་ཞིག་བསད་རྗེས་ཕུང་པོ་ཚལ་ཞིང་ཞིག་ཏུ་སྦས་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག་ཅིང་། དེ་རྗེས་སློབ་མ་དེ་གསོད་མཁན་སློབ་མ་གཞན་གཉིས་བཙོན་འཇུག་དང་ཁྲིམས་ཆད་ཕོག་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།