རྒྱ་ནག་སླར་ཡང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་འདེམས་ཐོན་བྱུང་འདུག
རྒྱལ་སྤྱིའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཐབས་སྡུག་ཤོས་ཡིན་པ་ཡོངས་གྲགས་ཡིན་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཚོགས་པ་མང་པོས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་སླར་ཡང་འདེམས་ཐོན་བྱུང་འདུག་པས། ཚོགས་མི་འདེམས་ཐོན་གྱི་ཆ་རྐྱེན་དེ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བ་མེད་པ་གསལ་པོ་ཆགས་ཀྱི་ཡོད་འདུག
ཟླ་༡༠ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྐུབ་སྟེགས་༤༧ ནས་རྐུབ་སྟེགས་༡༥ ཡི་ཐོག་ཏུ་འོས་བསྡུ་བྱས་འདུག་པ་དང་། འོས་བསྡུའི་གྲུབ་དོན་དུ་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐབས་སྡུག་ཤོས་སུ་ངོས་འཛིན་བྱེད་ཡུལ་གྱི་རྒྱལ་ཁབ་རྒྱ་ནག་འདེམས་ཐོན་བྱུང་ཡོད་ཁར། ཨུ་རུ་སུ་དང་ཁེའུ་བྷ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་ཀྱང་ཚོགས་མིར་འདེམས་ཐོན་བྱུང་ཡོད་འདུག འོན་ཀྱང་རྡོ་སྣུམ་གྱི་ཐོན་ཁུངས་ཕྱུག་པའི་སོ་ཌི་ཨ་རབ་འདེམས་ཐོན་བྱུང་མེད་འདུག
དེ་ཡང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ནས་ཚོགས་མི་བཞི་ཡི་རྐུབ་སྟེགས་སྟོང་པ་ཡོད་འདུག་པས། རྒྱ་ནག་དང་པཱ་ཀི་སི་ཐན། བལ་ཡུལ། སོ་ཌི་ཨ་རབ། ཨུ་ཛེ་བྷེ་ཀི་སི་ཐན་བཅས་རྒྱལ་ཁབ་༥ ནས་འོས་འགྲན་བྱས་པར། གྲུབ་དོན་དུ། པཱ་ཀི་སི་ཐན་ལ་འོས་གྲངས་༡༦༩། ཨུ་ཛེ་བྷེ་ཀི་སེ་ཐན་ལ་༡༦༤། བལ་ཡུལ་ལ་༡༥༠། རྒྱ་ནག་ལ་༡༣༩། སོ་ཌོ་ཨ་རབ་ལ་༩༠ བཅས་ཐོན་ནས། སོ་ཌི་ཨ་རབ་འདེམས་ཐོན་བྱུང་མེད་པ་རེད།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོ་ཞིག་གིས། རྒྱ་ནག་ནི་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚབས་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་ཁར། ཉེ་བའི་ཆར་ཡུ་གུར་མི་རིགས་ས་ཡ་མང་པོར་དྲག་གནོན་དང་གང་བྱུང་འཛིན་བཟུང་། བོད་ནང་དུ་བཙན་དབང་ཐོག་ནས་ངལ་རྩོལ་ལ་བཏང་བ་སོགས་ཀྱི་གནས་ཚུལ་ཆེན་པོ་ཁྱབ་ཡོད་ཀྱང་། ཐེངས་འདིར་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་འདེམས་ཐོན་བྱུང་ཡོད་པས། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སློན་དཔོན་(Kevin Jon Heller) གྱིས། ལྷན་ཚོགས་དེའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལོ་རྒྱུས་ཡག་པོ་མེད་པའི་རྒྱལ་ཁབ་དེ་ཚོ་འདེམས་ཐོན་བྱུང་བ་དེ་ནི་བློ་ཕམ་འོས་པ་ཞིག་ཡིན་ཡང་། དེ་ནི་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྲིད་དོན་འབྲེལ་ལམ་ངན་པའི་ལམ་ལུགས་ཀྱི་རང་བཞིན་ཡིན་པ་དང་། རྒྱལ་ཁབ་ཕན་ཚུན་བར་གསང་བའི་ཐོག་ནས་གྲོས་མཐུན་བཞག་ནས་གྲུབ་འབྲས་དེ་འདྲ་ཡོང་གི་ཡོད་ཀྱང་། དེ་འགོག་ཐབས་གང་ཡང་མེད་པ། དེ་བཞིན་འོས་འཕེན་མཁན་གྱི་རྒྱལ་ཁབ་ཚོས། འོས་འཕེན་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གཞི་བཅོལ་གྱི་ཡོད་པའི་དཔང་རྟགས་གང་ཡང་མེད་སྐོར་བརྗོད་འདུག འོན་ཀྱང་ཁོང་གིས་བརྗོད་དོན་ལྟར་ན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐབས་སྡུག་ཡིན་པའི་རྒྱལ་ཁབ་དེ་ཚོ་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་འདེམས་ཐོན་བྱུང་བ་དེར། བཟང་ཕྱོགས་ཞིག་ཡོད་པ་དང་། དེ་ནི་རྒྱལ་ཁབ་དེ་ཚོའི་ལས་འགན་དེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་ཆགས་ཡོད་པས། སོ་སོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་གནས་ཚུལ་རྣམས་སྦས་ཐབས་བྱེད་པར་དཀའ་ལས་ཁག་བ་ཡོད་པ་དང་། དེ་བཞིན་རྒྱལ་ཁབ་དེ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ནང་མཉམ་ཞུགས་མི་བྱེད་མཁན་ཁག་པོ་ཡིན་པས། བཟང་ཕྱོགས་ཞིག་ཀྱང་ཡོད་སྐོར་བརྗོད་འདུག
དཔྱད་བརྗོད་པ་ཁག་ཅིག་གིས་རྒྱ་ནག་དང་ཨུ་རུ་སུ་ལྟ་བུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་འདེམས་ཐོན་བྱུང་བ་དེས། ལྷན་ཚོགས་ཀྱི་ཆེ་མཐོང་ལ་གནོད་སྐྱོན་གཏོང་གི་ཡོད་སྐོར་བརྗོད་འདུག
ཉིན་ཤས་སྔོན་དུ་བོད་དོན་ལས་འགུལ་ཚོགས་པ་༡༡༥ ཡིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་ཚོར། རྒྱ་ནག་ལ་རྒྱབ་སྐྱོར་གྱིས་འོས་ཤོག་མི་བླུགས་པའི་རེ་སྐུལ་གྱི་ཡོངས་ཁྱབ་ཞུ་ཡིག་ཅིག་བཏང་ཡོད་ཁར། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སུ། ཨ་རི་དང་ཉི་ཧོང་། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་མང་ཆེ་བ་ཞིག ཁེ་ན་ཌ། ཧེ་ཀྲི ཧུན་ཌོ་ར་སེ ཨོ་སི་ཀྲོ་ལི་ཡ། ནིའུ་ཛི་ལན་ཌ་སོགས་ཚུད་པའི་རྒྱལ་ཁབ་༣༩ ཡིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་སྐྱོན་བརྗོད་བྱས་ཡོད་པ་རེད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་འདེམས་ཐོན་བྱུང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།