རྒྱ་པཎ་ཆེན་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་རྒོལ་བསྒྲགས་གཏམ།

རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་མ་འོངས་པ་༧གོང་ས་མཆོག་གི་སྐུའི་ཡང་སྲིད་དེ་རྒྱ་ནག་གི་ཁྲིམས་ལུགས་གཞི་བཟུང་འགྲོ་དགོས་པའི་དྲིལ་བསྒྲགས་བྱས་པ་དེ་ལ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་སོང་།


ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༡༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཚེས་༨ ཉིན་རྒྱ་དམར་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལས་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་བོད་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོའི་དགོན་དུ་འཚོགས་ཡོད་པ་དང་། སྐབས་དེ་དུས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་བོད་ཀྱི་བླ་སྤྲུལ་ཡང་སྲིད་རྣམས་རྒྱ་ནག་གཞུང་གིས་ངོས་འཛིན་དང་རྒྱབ་སྐྱོར་ཐོག་ནས་ཕེབས་དགོས་པ་དང་། དེའང་ཕྱི་ཕྱོགས་ཀྱི་གང་ཟག་སྒེར་དང་ཚོགས་པ་སྒྲིག་འཛུགས་སུ་འདྲ་ཞིག་གི་ཤུགས་རྐྱེན་མེད་པའི་ཐོག་ནས་ཕེབས་དགོས་པ། དེ་བཞིན་བླ་སྤྲུལ་ངོས་འཛིན་གྱི་བརྒྱུད་རིམ་དེ་ཡང་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་དང་། རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་ཡོད་པའི་ཐོག་ནས་བྱ་དགོས་ལུགས་བཅས་བརྗོད་དེ། དངོས་སུ་མིང་འབོད་མ་བྱས་ཀྱང་༧གོང་ས་མཆོག་དང་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་བརྡ་ལན་ནན་པོ་བཏང་འདུག་པ་དེ་ལ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ནང་རྒྱ་ནག་པེ་ཅིང་སྲིད་གཞུང་རང་ནས་རྒྱབ་སྐྱོར་གནང་དགོས་ཞེས་རྒྱལ་མཚན་ནོར་བུ་བེད་སྤྱོད་བཏང་ནས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་བཤད་དུ་བཅུག་ཡོད་པ་ནི་ཧ་ཅང་གི་ངོ་ཚ་དང་ཇུས་མེད་ཇུས་འཁྲི་རང་རེད་ཅེས་དང་།
སྤྱིར་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ནི་བོད་རང་གི་སྲོལ་རྒྱུན་གྱི་ཡང་སྲིད་ངོས་འཛིན་ལས་ལུགས་ཤིག་ཡོད་བཞིན་པ་དང་། ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་ཕྱི་ལོ་༡༩༦༩ ཙམ་ནས་རིམ་པར་བཀའ་གནང་ཡོད་པ་དང་། དམིགས་བསལ་ཕྱི་ལོ་༢༠༢༥ ཟླ་བ་༧ ཚེས་༢ ཉིན་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་དབུ་འབྱེད་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་༧རྒྱལ་དབང་སྐུ་ཕྲེང་ན་རིམ་ངོས་འཛིན་བྱེད་ཕྱོགས་ཐད་བསྒྲགས་གཏམ་སྔོན་མའི་ནང་གསལ་བ་བཞིན། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོ་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་པར་ཡོད་པ་དང་། ཁོང་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། ༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་གྲིབ་མ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལས་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབ་ལ་འགྱུར་བ་གང་ཡང་མེད་ཅེས་བཀའ་གནང་བ་བཞིན་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་༧གོང་ས་མཆོག་སྐུ་སྒེར་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་འགན་འཛིན་ལྷན་ཚོགས་གཅིག་པུར་དབང་ཚད་ཡོད་པ་ལས་གཞན་ལ་ཐེ་བྱུས་དང་འགན་དབང་གང་ཡང་མེད་པ་གསལ་པོ་བཀའ་གནང་ཡོད། ལྷག་པར་ནང་ཆོས་དུག་ཏུ་ངོས་འཛིན་བྱེད་མཁན་རྒྱ་དམར་སྲིད་གཞུང་དང་། སྲིད་གཞུང་དེས་ངོས་འཛིན་བྱས་པའི་པཎ་ཆེན་མིང་འཛིན་པ་རྒྱལ་མཚན་ནོར་བུར་འགན་དབང་དང་ཐེ་བྱུས་བྱེད་དབང་དེ་བས་ཀྱང་མེད་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བསྐྱར་དུ་ནན་བརྗོད་བྱེད་རྒྱུ་ཡིན་ཞེས་བརྗོད་སོང་།
རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་བླ་ཆེན་ཁག་གཙོས་ཕྱི་ནང་གི་དད་ལྡན་རྗེས་འཇུག་ཡོངས་དང་། ལྷག་པར་བོད་མི་སྤྱི་སྒེར་ཡོངས་ནས་རྒྱ་དམར་སྲིད་གཞུང་གིས་ཇུས་མེད་ཇུས་འཁྲི་བྱས་པར་དེར་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། འགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།