རྒྱ་མི་འདི་ཚོ་ཡང་བོད་ཀྱི་གྲོགས་པོ་མ་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༠༦ ཕྱི་ལོ་ ༢༠༢༠/༠༦/༡༠

ཉེ་ཆར་རྒྱ་ནག་གི་ཚོང་པ་དེང་སྐབས་ཨ་རིར་གནས་སྡོད་ཀོ་ཝིན་ཀུའེ་ཟེར་བ་དང་རེ་ཟུང་ཞིག་གིས་ཕྱི་ཟླ་༦ ཚེས་༤ ཉིན། རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་པའི་བསྒྲགས་གཏམ་ཟེར་བ་ཞིག་ཡོངས་བསྒྲགས་བྱས་ཤིང་། ཧི་མ་ལ་ཡའི་ལྟ་སྐུལ་སྒྲིག་འཛུགས་ཞེས་པའི་འཕྲེད་དར་ཞིག་ཀྱང་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་ཞེས་པའི་ནང་བོད་རྒྱལ་ཁབ་ཀྱི་མིང་བཙན་གྱིས་བཅུག་པ་དང་། དེའི་རྗེས་སུ་༧གོང་ས་མཆོག་ལའང་མ་གུས་པའི་ཚིག་དང་། བཙན་བྱོལ་བོད་མིར་ངན་སྨྲས་མང་དག་ཅིག་བྱས་འདུག རྒྱ་རྒན་དེ་དང་འབྲེལ་བ་ཡོད་པའི་བཙན་བྱོལ་བོད་མི་ཁག་ཅིག་གིས་རྒྱ་རྒན་དེ་ཡག་པོ་ཡིན་ཚུལ་དང་། གནས་ཚུལ་དེ་ལྟ་བུ་བྱུང་བ་དེ་ཡང་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ཅིག་གིས་བྱེད་སྟངས་ལ་བརྟེན་ནས་བྱུང་ཚུལ་བརྗོད་བཞིན་འདུག གནད་དོན་འདིའི་ཐོག་ནས་ཐེ་ཚོམ་དང་དོགས་པ་གཏན་ནས་མི་དགོས་པ་ཞིག་མིན་ནའང་། སྐབས་འདིར་གནད་དོན་དེའི་ཐོག་ནས་གླེང་རྒྱུ་མ་ཡིན་པར་རྒྱ་རྒན་ཀོ་སོགས་དང་འབྲེལ་བའི་ཐོག་ནས་ཅུང་ཙམ་གླེང་རྒྱུ་ཡིན།

རྒྱ་རྒན་ཀོ་ནི་བོད་མི་གནད་ཡོད་ཁག་ཅིག་དང་འབྲེལ་བ་བྱུང་ཡོད་པ་དང་། ལྷག་པར་དུ་༧གོང་ས་མཆོག་དང་འབྲེལ་བ་ཞུས་ནས། ཉི་ཧོང་དུ་གདན་འདྲེན་ཞུས་པ་སོགས་ཞེད་སྣང་སྐྱེ་དགོས་པའི་གནས་ཚུལ་མང་དག་ཅིག་བྱུང་ཡོད་ལ། ༧གོང་ས་མཆོག་གི་ཕྱག་ཡིག་ཕྱག་བསྟར་མ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ལ་བསྐུར་གནང་བའི་ངོ་བཤུས་ཙམ་ལས་སྤྲད་མེད་ཅེས་ཡོངས་ཁྱབ་ཀྱིས་བཤད། རྒྱ་ནག་གི་དཔོན་རིགས་ཤིག་གིས་ཁོ་པར་༧གོང་ས་མཆོག་སྐུ་བཀྲོང་དགོས་པའི་ལས་འགན་མངགས་སོང་ཞེས་ཞེད་སྣང་སྐྱེ་འོས་པའི་གནས་ཚུལ་མང་པོ་ཞིག་ཀྱང་ཕྱིར་བསྒྲགས་བྱས་སོང་། རྫབ་ཆེ་བའི་སྐད་ཆ་དེ་རྒྱ་དམར་གཞུང་གི་དཔོན་རིགས་དག་གི་བསམ་བློ་གཏོང་སྟངས་ལ་གཞིགས་ནས་བཤད་ན་བདེན་པ་ཡིན་སྲིད་མོད། རྗེས་སུ་རྒྱ་གཞུང་གི་དཔོན་རིགས་ཁག་གི་དབང་ཆའི་འཐབ་རྩོད་ནང་འབྲེལ་བ་ཆགས་ནས་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་ལས། སྐབས་དེར་ཀོ་ཁོ་པ་རྒྱ་གཞུང་གིས་ཡིད་ཆེས་བློས་གཏད་བྱེད་ས་ཞིག་མིན་ན་ཆེས་གསང་བར་འོས་པའི་སྐད་ཆ་གནད་འགག་དེ་འདྲ་ཤོད་མི་སྲིད་པ་རེད།

ཀོ་ཡིས་གོ་སྐབས་ག་འདྲ་ཞིག་བརྒྱུད་ནས་བཙན་བྱོལ་བོད་མིའི་གནད་ཡོད་མི་སྣ་ཁག་ཅིག་དང་འབྲེལ་བ་བྱུང་ཡོད་པ་བཤད་མི་ཤེས་ནའང་། ཁོ་པའི་འབྲེལ་བ་དེ་ལྟ་བུ་ཞིག་བརྒྱུད་ནས་ཁོ་རང་སྒེར་གྱི་ཁེ་ཕན་དང་རྒྱ་གཞུང་གི་དཔོན་རིགས་ཁག་དང་བར་ཐག་ཉེ་རུ་གཏོང་ཐབས། ཁོ་རང་གི་རྒྱུ་ནོར་འཕེལ་རྒྱས་དང་སྲུང་སྐྱོབ་ཆེད་དམིགས་པ་ཞིག་ལས་བོད་ལ་ཤ་ཚ་དང་། ༧གོང་ས་མཆོག་ལ་དད་གུས། ཞི་བདེ་དང་འཆམ་མཐུན་ལ་རེ་བ་ཞིག་གཏན་ནས་མིན་པ་ནི། ཉེ་ཆར་བཙན་བྱོལ་བོད་མི་དང་འབྲེལ་བའི་ལྟ་ཚུལ་བརྗོད་པ་དེས་གསལ་པོར་གྱུར་ཡོད། བར་ལམ་ནས་བཟུང་ཁོ་པའི་རྒྱུ་ནོར་ལྟ་ཅི་ཚེ་སྲོག་ཀྱང་སྐྱོབ་དཀའ་བའི་དུས་ཚོད་ཅིག་ཤར་ཏེ་ཨ་རིར་བྲོས་བྱོལ་དུ་ཡོང་ཞིང་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་གླེང་བཞིན་ཡོད་ནའང་། དོན་དུ་སྤྱི་ཕན་གྱི་དམིགས་ཡུལ་དང་འཆར་གཞི་ཡོད་པའི་མི་ཞིག་མིན་པ་གསལ་པོར་གྱུར་ཡོད། སྤྱིར་ཁོ་པ་མི་ག་འདྲ་ཞིག་ཡིན་ནའང་ཁྱད་པར་མེད་མོད། རྒྱ་རྒན་འདི་ལྟ་བུའི་ལག་ཏུ་བོད་ཀྱི་གསང་གནད་ཆེ་ཤོས་དེ་འཇོག་དགོས་བྱུང་བ་ནི་ཆེས་བློ་ཕམ་གྱི་རང་བཞིན་དུ་གྱུར་ཡོད།

ཁོ་དང་ཁོ་ལྟ་བུའི་ཕྱི་སྡོད་རྒྱ་མིའི་གྲས་སུ་བོད་དོན་གྱི་ཐོག་ནས་ཁེ་ཕན་རག་ཐབས་བྱེད་མཁན་མང་ཙམ་ཡོད་པ་དང་། རྒྱ་མི་དེ་དག་ལ་དགའ་ལྡན་ཕོ་བྲང་དང་། བོད་མིའི་སྒྲིག་འཛུགས་གཉིས་ངོས་ནས་གཞན་ལས་མཐོང་ཆེ་བ་དང་གཟིགས་སྟངས་ཀྱང་ཡག་པ་ལྟ་བུ་ཡོད། སྟབས་ལེགས་པ་ཞིག་ལ་དེའི་ཐོག་ནས་ད་བར་ཉེན་ཁ་ཆེ་བ་དེ་འདྲ་བྱུང་མེད་ནའང་། མ་འོངས་པར་གཟབ་དགོས་པ་དེ་ད་རེས་ཀྱི་ཉམས་མྱོང་དེའི་ཐོག་ནས་གསལ་པོ་ཆགས་སོང་། ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་དངོས་སུ་བྱེད་མཁན་དག་ལ་མཚོན་ནའང་། མ་འོངས་པར་ཕུགས་ཀྱི་དམིགས་ཡུལ་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུ་དེ་ཡིན་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུ་དེ་མ་ཡིན་པར་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡོད་རྒྱུ་ཡིན་ཞེས། ཡིག་ངག་གཉིས་ཐོག་ནས་ནན་གྱིས་གསུངས་དང་གསུང་བཞིན་ཡོད་པས་དམིགས་ཡུལ་གྱི་ཆ་ནས་གཅིག་མཚུངས་མིན་སྟབས་འབྲེལ་བ་གནང་དགོས་པའི་རྒྱུ་མཚན་ཁ་གསལ་ཞིག་མཐོང་དཀའ་སྙམ།

མདོར་ན་རྒྱ་ནག་གི་ས་ཁོངས་ནས་རྒྱ་མིས་བོད་མི་ལ་མཐོང་ཆུང་ཁྱད་གསོད་དང་དབྱེ་འབྱེད་བྱེད་བཞིན་པ་དེ་རྒྱུན་ལྡན་ལྟ་བུར་གྱུར་ཡོད་པ་བཞིན། ཕྱི་སྡོད་རྒྱ་མི་དང་། སྐམ་ས་ཆེན་མོའི་རྒྱ་མི་བཅས་ལ་དྷ་རམ་ས་ལ་ནས་འབྲེལ་བ་གང་ཐུབ་དང་། དེ་དག་ལ་དམིགས་བསལ་གྱིས་ཆེ་མཐོང་སྤྲོད་རྒྱུ་མང་སོང་བས། རྒྱ་གར་དང་། ཨ་རི་སོགས་ནས་ཀྱང་རྒྱ་མི་འདི་དག་གིས་བོད་པ་ལ་མཐོང་ཆུང་ཁྱད་གསོད་འདི་འདྲ་བྱེད་ཐུབ་པ་ཞིག་བྱུང་བ་རེད། མ་འོངས་པར་རྒྱ་མི་རང་ཁེ་དོན་གཉེར་བ་དང་། བོད་དང་བོད་མི་ལ་ཤ་ཚ་དང་། བོད་དོན་ལ་སེམས་ཁུར་གཏན་ནས་མེད་པ་འདི་དག་དང་འབྲེལ་བ་བྱས། འགྲོ་སོང་མང་པོ་གཏོང་བཞིན་པ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ནོར་འཁྲུལ་ཞིག་ཏུ་གྱུར་ཡོད། གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་རང་བཙན་སླར་གསོའི་ཕྱོགས་སུ་གོམ་པ་སྤོ་རྒྱུ་ཡིན་པའི་དབང་དུ་བཏང་ན། རྒྱ་དམར་གཞུང་དང་ཁ་གཏད་གཅོག་མཁན་ཆེ་ཆུང་སུ་ཡིན་ཡང་འབྲེལ་བ་གནང་དགོས་པ་ལས། སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་པར་བྱེད་སྟངས་འདི་ནི་ཕན་ལས་གནོད་དུ་འགྱུར་ངེས་རེད་སྙམ།།