རྒྱ་རིགས་ཀྱི་རྒྱབ་སྐྱོར་མེད་པར་བོད་ཀྱི་དཀའ་ངལ་སེལ་ཐབས་མེད་སྐོར་གསུངས་སོང་།
རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་ཅིག་གིས་བོད་མི་ཚོར་མ་འོངས་པའི་བོད་ཀྱི་མདུན་ལམ་སྐོར་ལ་རང་ཐག་རང་གཅོད་ཀྱི་ཐབ་ཐང་ཡོད་ཀྱང། བོད་ཀྱི་བདེན་མཐའ་སེལ་བར་རྒྱ་རིགས་མི་མང་གི་རྒྱབ་སྐྱོར་མེད་དུ་མི་རུང་བ་ཡིན་པ། དེ་བཞིན་རྒྱ་ནག་དེ་མང་གཙོར་གྱུར་ཡང། བོད་དོན་འགྲུབ་པར་དཀའ་ལས་འཕྲད་རྒྱུ་ཡིན་པས། ད་ལྟ་ནས་རྒྱ་རིགས་མི་མང་གང་མང་གིས་རྒྱབ་སྐྱོར་འཐོབ་ཐབས་བྱེད་དགོས་པ་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་ཡོད་པ་རེད།
ཟླ་༥ པའི་ཚེས་༡ ཉིན་དྷ་ས་མེག་གྷན་ཁེ་ལབ་གསོལ་མགྲོན་ཁང་དུ། རྒྱ་རིགས་མང་གཙོ་དོན་གཉེར་བ་བཞི་དང་ཕྱི་རྒྱལ་གསར་འགོད་པ་གཅིག་ནས། རྒྱ་ནག་དམར་ཤོག་ཚོགས་པའི་ལས་དབང་ཞེས་པའི་བརྗོད་གཞི་གཙོ་བོའི་ཐོག མི་མང་གི་རང་དབང་ཆེད་འཐབ་རྩོད་དང། མང་གཙོ་དང་རང་བཙན། རྒྱ་ནག་དམར་ཤོག་ཚོགས་པ་འཐོར་བཤིགས་སོང་བའི་རྗེས་ཀྱི་གནས་སྟངས་ལ་རྟོག་ཞིབ་སོགས་ཀྱི་ཐོག་ལ་གཏམ་བཤད་བྱས་ཡོད་པ་རེད།
གཏམ་བཤད་གཙོ་སྐྱོང་བྱེད་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤེི་ཡའི་སྤྱི་ཁྱབ་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་གཏམ་བཤད་ཀྱི་ངོ་སྤྲོད་དང་འབྲེལ་ནས་བརྗོད་དོན། དེ་གར་སླེབས་པའི་གཏམ་བཤད་པ་རྣམས་རྒྱ་ནག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་འགོ་ཁྲིད་གཙོ་བོ་ཆགས་བསྡད་ཡོད་པས། གཏམ་བཤད་དེ་བརྒྱུད་ནས་བོད་པའི་གཞོན་སྐྱེས་དང་དོ་སྣང་ཡོད་མཁན་རྣམས་ལ་གོ་རྟོགས་ཡོང་ཆེད་དང། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་འོག་ལ་བོད་པ་གཅིག་པུ་མིན་པར། དྲག་གནོན་འོག་ལ་མྱངས་བཞིན་པའི་མི་རིགས་དང་སྡེ་ཚན་གཞན་པ་ཚོའི་འཐབ་རྩོད་ཀྱི་ཐོག་ལ་གོ་རྟོགས་དང། རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་ལ་རྒོལ་འཛིངས་བྱེད་མཁན་གཞན་པ་དང་མཉམ་ལས་བྱས་ཏེ། ང་ཚོའི་འཐབ་རྩོད་ཀྱི་ནུས་པ་ཤུགས་ཆེ་རུ་བཏང་ནས། དམར་ཤོག་ཚོགས་པའི་དབང་ཤུགས་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་སོང།
གནམ་སྡེ་སྒོ་མོའི་སྒེར་ལངས་ཆེན་མོའི་ལས་འགུལ་བ་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་སློབ་དཔོན་་མོ་ཡིང་ཅི་ལི་ཡིས་ཁོ་རང་གི་བོད་དང་མ་འོངས་པའི་བོད་ཀྱི་མདུན་ལམ་སྐོར་ལ་གནད་དོན་དྲུག་གི་ཐོག་ནས་གཏམ་བཤད་བྱས་སོང་། ༡༽རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་འོག་ལ་བོད་མི་རྣམས་ལ་སྡུག་པོ་མྱངས་ཡོད་པ་དང། དེ་ཡང་རྒྱ་ནག་མི་མང་དཀྱུས་མ་མང་པོས་རྒྱབ་ལ་རམས་འདེགས་བྱས་ཡོད་པས། ཁོང་རྒྱ་རིགས་ཤིག་ཡིན་པའི་ཆ་ནས། གནད་དོན་དེའི་ཐད་གནོང་འགྱོད་ཆེན་པོ་ཡོད། འདས་པའི་ལོ་ངོ་༣༠ བོད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་མི་རིགས་གཉིས་ཀྱི་དབར་ལ་ཞི་བདེ་དང་འཆམ་མཐུན་ཡོང་ཐབས་ལ་འབད་བརྩོན་བྱས་ཡོད་པ་དེ་ནི་ཁོང་གི་འགན་ཡིན་པ་བརྩིས་ཡོད་པ་དང། མུ་མཐུད་ནས་དེ་ལ་འབད་རྒྱུ་ཡིན་པ།
༢༽རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའམ་དམར་ཤོག་ཚོགས་པ་དེ་ཁ་གཏད་བྱེད་མཁན་ང་རང་ལྟ་བུ་སུ་ཡིན་ཡང། བོད་མི་ཚོའི་འདུན་པ་མཚོན་གྱི་ཡོད་མདོག་ནམ་ཡང་བརྗོད་མི་རུང་བ་རེད། བོད་པའི་མ་འོངས་པའི་ལས་དབང་ཐག་གཅོད་བྱེད་པའི་ཐོབ་ཐང་ནི་བོད་མི་གཅིག་པུ་ལ་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཀྱི་ས་ཁུལ་ཞིག་ཡིན་ཚུལ་བརྗོད་ཀྱི་ཡོད་ཀྱང། བོད་དེ་རྒྱ་ནག་གི་མངའ་ཁོངས་མ་ཡིན་པ་མ་ཟད། བོད་མི་རྣམས་ལ་རིག་གཞུང་དང་ཆོས། ལོ་རྒྱུས་སོགས་ལོག་ཁ་ཡོད་པ་རེད། རྒྱ་རིགས་ཚོས་མ་འོངས་པར་བོད་ཀྱི་ལས་དབང་དེ་རང་ཐག་རང་གཅོད་བྱེད་མཁན་ནི་བོད་མི་ཡིན་པ་ཁས་ལེན་བྱེད་དགོས་པ་ལས། དེ་ལྟར་མ་བྱས་ན་ད་ལྟའི་དཀའ་རྙོག་མུ་མཐུད་གནས་རྒྱུ་ཡིན་པ། ཁོང་གིས་བོད་མི་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་བརྩི་བཀུར་བཞུ་ཡི་ཡོད་པ།
༣༽ བོད་དང་རྒྱ་ནག་གཉིས་ཀྱི་ལོ་རྒྱུས་དང་ཆོས། རིག་གཞུང་སོགས་ཀྱི་ཐོག་ནས་དུས་ཚོད་རིང་པོ་ནས་འདྲེ་ཡོད་པས། བོད་ཀྱི་གནད་དོན་དེ་གསལ་བར་བོད་མི་གཅིག་པུ་མིན་པར། རྒྱ་མི་རིགས་ཀྱི་རྒྱབ་སྐྱོར་དགོས་པ་གལ་ཆེན་རེད། བོད་མི་ཚོས་རྒྱ་རིགས་གང་མང་གིས་རྒྱབ་སྐྱོར་ཐོབ་ཆེད་དུ་ལས་ཀ་བྱེད་དགོས་པ་རེད།
༤༽ཁོ་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་ན། ཏཱ་ལའི་བླ་མས་དབུ་མའི་ལམ་དེ་རྒྱ་རིགས་མང་པོ་ཞིག་གིས་ངོས་ལེན་བྱེད་ཐུབ་པ་དང་རྒྱབ་སྐྱོར་ཐོབ་པའི་ནུས་པ་ཞིག་རེད་འདུག བོད་ཀྱི་འཐབ་རྩོད་ལ་དབུ་མའི་ལམ་མིན་པ་ལངས་ཕྱོགས་གཞན་ཡོད་པ་ཤེས་ཀྱི་ཡོད་དེ། ཏཱ་ལའི་བླ་མའི་རྣམ་དཔྱོད་ལ་བསམ་ཤེས་བྱེད་དགོས་པ།
༥༽རྒྱ་རིགས་མང་གཙོ་དོན་གཉེར་བ་མང་པོ་ཞིག་གིས་རྒྱ་ནག་དེ་མང་གཙོ་མ་ཆགས་བར་དུ། བོད་ཀྱི་གནད་དོན་སེལ་ཐབས་མེད་སྐོར་བཤད་ཀྱི་ཡོད་པ་རེད་དེ། རྒྱ་ནག་དེ་མང་གཙོ་ལ་གྱུར་ཡང། བོད་ཀྱི་གནད་དོན་སེལ་ཐུབ་པར་དཀའ་ངལ་འཕྲད་ཀྱི་རེད། ལྟ་ནས་རྒྱ་རིགས་ཚོ་དང་འབྲེལ་བ་བྱས་ནས་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་བྱེད་དགོས།
༦༽ཏཱ་ལའི་བླ་མ་མ་ཞུགས་པའི་དུས་སྐབས་ཀྱི་གནས་སྟངས་སྐོར་ལ་གླེང་མཁན་མང་པོ་ཡོད་པ་རེད། བོད་མི་ཚོས་དུས་ཚོད་དེ་སྔ་ཕྱི་མ་གཏོགས་ཡོང་རྒྱུ་ཡིན་པར་ངོས་འཛིན་བྱས་ནས་གྲ་སྒྲིག་བྱ་དགོས་པ་རེད། ད་ལྟ་ནས་མང་གཙོ་ཡང་དག་ལག་ལེན་བསྟར་རྒྱུ་དང་རྒྱ་རིགས་མི་མང་ལ་འབྲེལ་བ་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་སོང།
འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཏིང་པའོ་ཡིས་རྒྱ་ནག་དམར་ཤོག་ཚོགས་པ་འཐོར་ཞིག་འགྲོ་རྒྱུ་ཡིན་པ་དང་འབྲེལ་ནས་བརྗོད་དོན། མི་མང་པོ་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཤུགས་དེ་ཉམས་རྒྱུ་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང། ད་ལྟའི་ཆར་ཚོགས་པ་དེ་ཉིད་ལ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ། ལྐོག་ཟ་རུལ་སུངས་དང་ཁོར་ཡུག་སྦག་བཙོག དེ་བཞིན་དཔལ་འབྱོར་དང་དབུལ་ཕྱུག་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པས། དམར་ཤོག་ཚོགས་པར་སེམས་འཚབ་ཆེན་པོ་ཡོད་པ། དེ་ལ་ཁ་གཏད་དུ་ལངས་མཁན་སྡེ་ཚན་མང་པོ་ཡོད་པས། སྔ་ཕྱི་མ་གཏོགས་དེ་ཉིད་ཉམས་ནས་ཐོར་བཤིགས་སུ་འགྲོ་རྒྱུ་ཡིན་པ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་བྱས་སོང།
ཧྤ་རན་སིའི་གསར་འགོད་པ་ཨུར་སུ་ལ་གྷོ་ཐེ་ནི་ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གིས་གྲང་ཉུང་མི་རིགས་ལ་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་བས་ཕྱིར་འབུད་བྱས་པ་རེད། ཁོ་མོས་རང་ཉིད་རྒྱ་ནག་ནང་གསར་འགོད་པ་བྱས་ནས་སྡོད་སྐབས་སུ་བོད་ནང་དུ་ཕྱིན་པའི་ཉམས་མྱོང་སྐོར་ལ་བརྗོད་དོན། བོད་རང་སྐྱོངས་ཁུལ་དུ་རྒྱ་ནག་གི་གནས་སྟངས་སྐོར་གོ་རྟོགས་ཡོད་མཁན་གསར་འགོད་པ་འགྲོ་རྒྱུ་ཤིན་ཏུ་ཁག་པོ་ཡིན་པ་དང། རྒྱ་ནག་གིས་ལོ་ལྟར་རྒྱ་ནག་གི་གནས་སྟངས་སྐོར་མ་ཤེས་མཁན་གྱི་ཕྱི་རྒྱལ་ཁག་ནས་གསར་འགོད་པ་ཁག་ཅིག་བོད་རང་སྐྱོང་ལྗོངས་སུ་བལྟ་སྐོར་དུ་ཁྲིད་ཀྱི་ཡོད་པ། ཁོ་མོ་ཨ་མདོ་དང་ཁམས་ཁུལ་དུ་ཐེངས་ཁ་ཤས་འགྲོ་རྒྱུ་བྱུང་བ། དེ་བཞིན་རེབ་གོང་དུ་ཐེངས་གཉིས་རང་ལུས་མེར་སྲེག་མཁན་གྱི་ནང་མིར་ཐུག་པར་ཕྱིན་པ། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ལ་དུས་རྟག་ཏུ་སྟངས་འཛིན་ཤུགས་ཆེན་ཡོད་པས་གསར་འགོད་པ་ཚོར་གནས་ཚུལ་བསྡུ་རུབ་བྱེད་པར་ཁག་པོ་ཡོད་པ་སོགས་ཀྱི་སྐོར་ལ་བརྗོད་ཡོད་པ་རེད།
ཧོང་ཀོང་གི་ཉི་གདུགས་ལས་འགུལ་ཆེན་པོའི་འགོ་ཁྲིད་དང་ཧོང་ཀོང་མང་གཙོ་དོན་གཉེར་བ་ཧང་ཊའུ་ཆའོ་ཡིས་ཧོང་ཀོང་དང་བོད་ཀྱི་འཐབ་རྩོད་ཀྱི་སྐོར་དང་འབྲེལ་ནས་བརྗོད་དོན། ཧོང་ཀོང་གི་མི་མང་འཕོན་ཆེན་པོ་ཞིག་སྔར་རྒྱ་ནག་ནས་བྲོས་བྱོལ་དུ་ཡོང་བ་ཤ་སྟག་ཡིན་ཁར། རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་མི་མང་ཆེ་བ་རྒྱ་ནག་ནས་བྲོས་བྱོལ་དུ་ཡོང་བ་ཤ་སྟག་ཡིན་པས། ཕྱོགས་གཉིས་ཀྱི་གནས་སྟངས་འདྲ་བོ་ཡིན་པ། དེ་བཞིན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་གྲངས་ཉུང་མི་རིགས་གཅིག་པུ་ལ་དགོས་པ་མིན་པར། ཧོང་ཀོང་མི་མང་ལ་ཡང་དགོས་པ་ཡིན་པས། སྡེ་ཚན་ཚང་མས་མཉམ་རུབ་ཐོག་རྒྱ་ནག་དམར་ཤོག་ཚོགས་པ་ལ་ཁ་གཏད་གཅོག་དགོས་པ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་བྱས་སོང།
དེ་བཞིན་ཕྱི་ལོ་༢༠༡༥ ལོའི་ཁེ་ན་ཊའི་འཛམ་གླིང་མཛངས་མ་ཨ་ནསི་ཏ་སི་ལིན་གྱིས་རྒྱ་རིགས་མང་པོ་ཞིག་གིས་གྲངས་ཉུང་མི་རིགས་གི་དཀའ་སྡུག་སྐོར་ལ་གོ་རྟོགས་མེད་སྐོར་དང་འབྲེལ་ནས་བརྗོད་དོན། ཁོ་མོ་ཡང་ཁེ་ན་ཊ་སླེབས་ནས་ཧྤ་ལོང་ཀུང་ཆོས་ཚོགས་ཀྱི་དཀའ་སྡུག་སྐོར་ཤེས་པས། དྲ་རྒྱ་བརྒྱུད་རྒྱ་ནག་དམར་ཤོག་ཚོགས་པའི་འོག་ལ་དཀའ་སྡུག་མྱངས་བཞིན་པའི་གྲངས་ཉུང་མི་རིགས་སྐོར་ལ་ཤེས་རྟོགས་བྱུང་བ། རྒྱ་ནག་ནང་དུ་ཡོད་པའི་རྒྱ་རིགས་མང་པོ་ཞིག་ལ་གྲངས་ཉུང་མི་རིགས་ཀྱི་དཀའ་སྡུག་སྐོར་ཤེས་པར་རྒྱ་གཞུང་ནས་སྟངས་འཛིན་ཤུགས་ཆེན་བྱེད་ཀྱི་ཡོད་པས། དེའི་སྐོར་ལ་གོ་རྟོགས་མེད་པ། རྒྱ་གཞུང་གིས་མི་རིགས་ཕན་ཚུན་དབར་འཆམ་མཐུན་མེད་པར་ཁ་གྱེས་ཐབས་བྱེད་ཀྱི་ཡོད་པ། རྒྱ་རིགས་རྣམས་ལ་དངོས་ཡོད་གནས་སྟངས་སྐོར་ལ་གོ་རྟོགས་གང་ཡང་མེད་པས། བོད་མི་རྣམས་ཀྱིས་བོད་ཀྱི་གནད་དོན་སྐོར་ལ་གོ་རྟོགས་ཡག་པོ་ཡོད་པ་དེ་ནི་བསོད་ནམས་ཡིན་པ་སོགས་ཀྱི་སྐོར་ལ་བརྗོད་སོང།
ཁོང་རྣམས་པའི་གཏམ་བཤད་རྗེས་སུ་གོ་སྒྲིག་པའི་དྲི་བ་དང་མི་མང་གི་དྲི་བ་ལན་འདེབས་བྱས་སོང་།
གཏམ་བཤད་པ་དེ་དག་ཉེ་འཆར་དྷ་སར་འཚོགས་པའི་མི་རིགས་ཁག་གི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་ཚོགས་འདུ་ཞེས་པ་དེར་མཉམ་ཞུགས་བྱེད་མཁན་ཤ་སྟག་ཡིན་པ་དང། ཚོགས་འདུ་དེར་རྒྱ་ནག་དམར་ཤོག་ཚོགས་པར་ཁ་གཏད་ལངས་མཁན་རྒྱ་རིགས་མང་གཙོ་དོན་གཉེར་བ་མང་པོ་ཡོང་འཆར་ཡོད་ནའང། རྒྱ་ནག་གི་གནོན་ཤུགས་རྐྱེན་པས། རྒྱ་གར་གཞུང་གིས་ཉུང་མཐར་ལ་རྒྱ་རིགས་༧ ལ་ཐོངས་མཆན་སྤྲད་མེད་སྐོར་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་འདུག དེའི་རྐྱེན་པས་ཉིན་ཤས་རིང་ཚོགས་འདུ་དེར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་མང་པོས་དོ་སྣང་ཆེན་པོས་གནས་ཚུལ་སྤེལ་ཡོད་པ་རེད་དེ། ཐོག་མར་ཚོགས་འདུ་དེར་གསར་འགྱུར་འབྲི་བར་གསར་འགོད་པ་ཚོར་མགྲོན་བརྡ་འབྱོར་ཡོད་ཀྱང། རྗེས་ལ་གསར་འགོད་པ་ཚོར་མི་ཡོང་བའི་རེ་སྐུལ་བྱས་ཡོད་པ་རེད། དེ་ཡང་རྒྱ་གར་གཞུང་ནས་གོ་སྒྲིག་བྱེད་མཁན་ཚོགས་པ་དག་ལ་གནོན་ཤུགས་སྤྲད་ཡོད་པའི་དོགས་པ་བྱེད་མཁན་མང་པོ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།