རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ནམ་རྒྱུན་ནས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་གི་ཡོད་ཅེས་བརྗོད་པ་བཞིན་ཡིན་ཚེ་ཁྲིམས་རྩོད་པའི་རང་དབང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་ཡང་། བོད་མིའི་ཁྲིམས་རྩོད་བྱེད་མཁན་རྒྱ་རིགས་ཁྲིམས་རྩོད་པའི་སྐོར་གྱི་གནས་སྟངས་དེ་ལྟར་མིན་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གྱིས་གསུངས་སོང་།
 ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་སྔ་དྲོར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་ཞིག་རྒྱ་ཡིག་ནང་བཏོན་སོང་ཞིང་། དེ་ནི་ཕྱི་ལོ་༢༠༠༨ ལོར་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་གིས་བོད་མི་སྟོང་ཚོ་མང་པོ་འཛིན་བཟུང་དང་། བཙན་ཁྲིད། གར་སོང་ཆ་མེད། བོད་མི་དེ་དག་གི་སྐོར་གྱི་གནས་ཚུལ་སྦས་གསང་བྱས་པར། འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་རྒྱ་རིགས་ཁྲིམས་རྩོད་པ་༢༡ གིས་དངས་བླངས་ངང་ཁྲིམས་ལུགས་ཀྱི་ཐོག་ནས་བོད་མི་དེ་དག་ལ་རོགས་རམ་བྱ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་བཏང་སྟེ། ལོ་༡༠ འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས་བཏོན་པ་ཡིན་འདུག་པ་དང་། སྐབས་དེར་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་། རྒྱ་ནག་ཧྲང་ཧེ་ནས་ཡིན་ཞིང་ད་ལྟའི་ཆར་ཁེ་ན་ཊར་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་ལྕམ་ཀྲུའུ་རཱེ་(Zhu Ru)ཞེས་པ་གཉིས་ཀྱི་སྙན་ཐོ་དང་འབྲེལ་ནས་གཏམ་བཤད་གནང་སོང་། སྙན་ཐོའི་ནང་ཕྱི་ལོ་༢༠༠༨ ནས་༢༠༡༦ བར་གྱི་རྒྱ་རིགས་ཁྲིམས་རྩོད་པ་༡༦ གིས་དང་བླངས་ཀྱི་སྒོ་ནས་བོད་མི་༡༥ ཡི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་སྐྱོར་གནང་བའི་སྐོར་འཁོད་ཡོད་ཅིང་། དེའི་གྲས་སུ་ཕྱི་ལོ་༢༠༠༢ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོའི་ཁྲིམས་རྩོད་དེ་ཕྱི་ལོ་༢༠༠༨ ལོའི་སྔོན་ལ་བྱུང་བ་ཞིག་ཡིན་ཡང་། གྱོད་དོན་དེ་ཚབས་ཆེན་རང་བཞིན་ཆགས་ཡོད་པས་འདིར་ཆེད་དུ་བཀོད་ཡོད་པ་རེད་འདུག
ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་སྔ་དྲོར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་ཞིག་རྒྱ་ཡིག་ནང་བཏོན་སོང་ཞིང་། དེ་ནི་ཕྱི་ལོ་༢༠༠༨ ལོར་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་གིས་བོད་མི་སྟོང་ཚོ་མང་པོ་འཛིན་བཟུང་དང་། བཙན་ཁྲིད། གར་སོང་ཆ་མེད། བོད་མི་དེ་དག་གི་སྐོར་གྱི་གནས་ཚུལ་སྦས་གསང་བྱས་པར། འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་རྒྱ་རིགས་ཁྲིམས་རྩོད་པ་༢༡ གིས་དངས་བླངས་ངང་ཁྲིམས་ལུགས་ཀྱི་ཐོག་ནས་བོད་མི་དེ་དག་ལ་རོགས་རམ་བྱ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་བཏང་སྟེ། ལོ་༡༠ འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས་བཏོན་པ་ཡིན་འདུག་པ་དང་། སྐབས་དེར་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་། རྒྱ་ནག་ཧྲང་ཧེ་ནས་ཡིན་ཞིང་ད་ལྟའི་ཆར་ཁེ་ན་ཊར་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་ལྕམ་ཀྲུའུ་རཱེ་(Zhu Ru)ཞེས་པ་གཉིས་ཀྱི་སྙན་ཐོ་དང་འབྲེལ་ནས་གཏམ་བཤད་གནང་སོང་། སྙན་ཐོའི་ནང་ཕྱི་ལོ་༢༠༠༨ ནས་༢༠༡༦ བར་གྱི་རྒྱ་རིགས་ཁྲིམས་རྩོད་པ་༡༦ གིས་དང་བླངས་ཀྱི་སྒོ་ནས་བོད་མི་༡༥ ཡི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་སྐྱོར་གནང་བའི་སྐོར་འཁོད་ཡོད་ཅིང་། དེའི་གྲས་སུ་ཕྱི་ལོ་༢༠༠༢ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོའི་ཁྲིམས་རྩོད་དེ་ཕྱི་ལོ་༢༠༠༨ ལོའི་སྔོན་ལ་བྱུང་བ་ཞིག་ཡིན་ཡང་། གྱོད་དོན་དེ་ཚབས་ཆེན་རང་བཞིན་ཆགས་ཡོད་པས་འདིར་ཆེད་དུ་བཀོད་ཡོད་པ་རེད་འདུག
དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཏོན་པའི་སྙན་ཐོའི་ནང་དོན་གནད་བསྡུས་ནང་འཁོད་དོན་དུ། ཕྱི་ལོ་༢༠༠༨ ལོའི་བོད་ས་བྱིའི་ཞི་རྒོལ་སྐབས་སུ་རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཞི་རྒོལ་ལ་དྲག་གནོན་བྱས་ཏེ་བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་བཙན་ཁྲིད་དང་། བོད་མི་མང་པོ་ཞིག་གར་སོང་ཆ་མེད་བཟོས་རྐྱེན། རྒྱ་རིགས་ཤེས་ཡོན་པ་དང་ཁྲིམས་རྩོད་པ་ཚོས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་དང་། རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་བོད་མིའི་གྱོད་དོན་ཐག་གཅོད་པའི་འབོད་སྐུལ་གནང་ཞིང་། ལྷག་པར་དུ་རྒྱ་རིགས་ཁྲིམས་རྩོད་པ་འགས་དང་བླངས་ཀྱི་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། རྒྱ་གཞུང་གི་བཀག་ཉར་འོག་གི་བོད་མི་ཚོར་དག་སེལ་ཁྲིམས་རྩོད་ཀྱི་ཐོབ་ཐང་དང་ཁོ་ཚོའི་སྒེར་དབང་ཐོབ་ཐང་སྲུང་སྐྱོབ་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུས་པར་མ་ཟད། རྩ་ཁྲིམས་གཞིར་བཟུང་ནས་བོད་མིའི་གྱོད་དོན་ཁྲིམས་རྩོད་ལ་རོགས་རམ་བྱེད་རྒྱུ་ཡིན་སྐོར་ཁྱབ་སྤེལ་གནང་བ་བརྒྱུད། རྒྱ་རིགས་ཁྲིམས་རྩོད་པ་༢༡ གིས་ཡོངས་ཁྱབ་གསལ་བསྒྲགས་དེ་ལ་མཚན་རྟགས་བསྐྱོན་ཡོད། རྒྱ་ནག་དམར་ཤོག་དབུས་གཞུང་གཙོས་པའི་རྒྱལ་ཞེན་རིང་ལུགས་པ་ཚོས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཚོར་སྐྱོན་བརྗོད་དང་འཁོན་ལན་སློག་མིན་ལ་མ་ལྟོས་པར། ཁྲིམས་རྩོད་པ་མང་པོ་ཞིག་གིས་མུ་མཐུད་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གང་ཐུབ་གནང་ཡང་། རྒྱ་གཞུང་གིས་ཁོང་ཚོར་འགོག་རྐྱེན་སྣ་ཚོགས་བཟོས་པའི་རྐྱེན་གྱིས་ཁྲིམས་རྩོད་པ་ཚོས་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུ་ཁག་པོ་བྱུང་ཡོད། བོད་མིའི་གྱོད་དོན་ཁྲིམས་རྩོད་ཀྱི་བརྒྱུད་རིམ་ཁྲོད་དུ་རྒྱ་རིགས་ཁྲིམས་རྩོད་པ་༤ མ་གཏོགས་ཁྲིམས་རར་བཅར་བཅུག་མེད་ཅིང་། གྱོན་དོན་༨ ཀྱི་ནང་དུ་རྒྱ་གཞུང་གིས་རྒྱ་རིགས་བོད་མིིའི་ཁྲིམས་རྩོད་པ་ཚོར་ངོས་ལེན་མ་བྱས་པའམ་ཡང་ན་གྱོན་དོན་ལ་ཐེ་གཏོགས་མི་ཆོག་པ་བཟོས་པར་མ་ཟད། ཁྲིམས་རྩོད་པ་ཁ་ཅིག་ལ་འགོག་རྐྱེན་མང་པོ་བཟོས་རྐྱེན་ཁྲིམས་རྩོད་པ་ཚོས་བོད་མིའི་གྱོད་དོན་དངོས་ལ་ཞིབ་འཇུག་དག་སེལ་གནང་ཐུབ་མེད། རྒྱ་གཞུང་གིས་རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཁག་ཅིག་གི་ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་དེབ་སྐྱེལ་མ་བྱས་པ་དང་། ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་ཕྱིར་བསྡུས་བྱས་པའི་གནས་ཚུལ་བྱུང་ཡོད། ཡིན་ནའང་རྒྱ་ནག་དམར་ཤོག་གཞུང་གི་བྱ་སྤྱོད་དེས་ཁྲིམས་རྩོད་པ་ཚོར་ལུག་བསད་ར་འདར་བའི་འཇིགས་སྐུལ་གྱི་ནུས་པ་མ་ཐོན་པར་མ་ཟད། ཕྱི་ལོ་༢༠༡༦ ལོའི་བར་ཁོང་རྣམ་པས་མུ་མཐུད་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་སྐྱོར་གནང་མུས་ཡིན་པ་རེད། ཅེས་དང་།
སྙན་ཐོ་འདི་སྤེལ་དགོས་པའི་རྒྱུ་མཚན་གྱི་སྐོར་ལ། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་༢༠༠༨ ལོར་བོད་ས་བྱིའི་ཞི་རྒོལ་ལས་འགུལ་བྱུང་ནས་མི་ལོ་ཧྲིལ་བོ་༡༠ འཁོར་བ་དང་། རྒྱ་རིགས་ཁྲིམས་རྩོད་པ་རྣམ་པས་བོད་མིའི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་མི་ལོ་ཧྲིལ་པོ་༡༠ འཁོར་བའི་དུས་དྲན་དང་བསྟུན། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པའི་སྐོར་གྱི་དམིགས་བསལ་སྙན་ཐོ་འདི་བཞིན་འགྲེམ་སྤེལ་བྱས་པ་ཡིན་ལ། ལྷག་པར་དུ་བོད་མིའི་དྲང་བདེན་ཁྲིམས་རྩོད་ཐད་ལ་རོགས་རམ་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་དེ་ལ་མཚན་རྟགས་བསྐྱོན་པ་རྒྱུ་མཚན་དུ་བསྙད་ནས། རྒྱ་གཞུང་གིས་འཁོན་ལན་ཉེ་ཆད་བཅད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཀྱང་ཡིན། ཞེས་གསལ་འདུག
དེ་བཞིན་སྙན་ཐོའི་ནང་ནང་དོན་གྱི་སྐོར་ལ། སྙན་ཐོ་འདིའི་ནང་དུ་རྒྱ་རིགས་ཁྲིམས་རྩོད་པ་ཚོས་དང་བླངས་ཀྱི་ཐོག་ནས་བོད་མིིའི་གྱོད་དོན་ཁྲིམས་རྩོད་ལ་རོགས་རམ་གནང་བར་ཞིབ་འཇུག་དང་། རྒྱ་རིགས་བོད་མིའི་ཁྲིམས་རྩོད་པ་ཚོ་ཅིའི་ཕྱིར་གྲགས་འགུལ་མི་ཐུབ་པར་གྱུར་བའི་གནས་སྟངས་ལ་རྒྱུས་ལོན། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་བོད་དོན་ཐོག་ཁས་བླངས་པའི་བོད་རང་བཙན་དང་། རང་ཐག་རང་གཅོད། མི་རིགས་ས་ཁོངས་རང་སྐྱོང་སྐོར་གླེང་སློང་བྱས་པའི་བརྒྱུད་རིམ། མཐའ་མཇུག་མི་རིགས་ས་ཁོངས་རང་སྐྱོང་ཟེར་བ་དེ་ཡང་མིང་སྐམ་ཞིག་ལས་ངོས་ལེན་མ་བྱས་པར་བརྟེན། ད་ཆ་བོད་མིའི་སྒྲིག་འཛུགས་ནས་མིང་དོན་མཚུངས་པའི་རང་སྐྱོང་བརྩོན་ལེན་བྱེད་དགོས་བྱུང་སྐོར། རྒྱ་གུང་ཁྲན་བོད་དུ་སླེབས་པ་ནས་བཟུང་། རྒྱ་གཞུང་གིས་སོ་སོའི་རྩ་ཁྲིམས་ལའང་བརྩི་བཀུར་མི་བྱེད་པར་གང་འདོད་དུ་ཁྲིམས་མེད་ལུགས་ལྡོག་གི་སྦྱོར་བ་མང་པོ་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐོར་འཁོད་ཡོད། དེ་ཡང་རྒྱ་རིགས་ཁྲིམས་རྩོད་པ་༡༦ གིས་དང་བླངས་ཀྱི་སྒོ་ནས་བོད་མི་༡༥ ཡི་གྱོད་དོན་ཁྲིམས་རྩོད་ཐད་ལ་རོགས་སྐྱོར་གནང་སྐོར་འཁོད་པ་ལས། ཕྱི་ལོ་༢༠༠༢ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོའི་ཁྲིམས་རྩོད་དེ་ཕྱི་ལོ་༢༠༠༨ ལོའི་སྔོན་ལ་བྱུང་བ་ཞིག་ཡིན་ཡང་། གྱོད་དོན་དེ་ཚབས་ཆེན་རིང་བཞིན་ཆགས་ཡོད་པས་འདིར་ཆེད་དུ་བཀོད་ཡོད། བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཁྲིམས་རྩོད་པ་ཀྲང་སི་ཀྲི་དང་ཤཱ་ལིན། ཕྱི་ལོ་༢༠༠༩ ལོའི་ཕུར་བུ་ཚེ་རིང་རིན་པོ་ཆེའི་ཁྲིམས་རྩོད་པ་ཧྥང་ཕན་དང་ཅིང་ཐེན་ཡིམ། ཕྱི་ལོོ་༢༠༠༩།༢༠༡༢ ལོའི་འཇིགས་མེད་རྒྱ་མཚོའི་ཁྲིམས་རྩོད་པ་ལེ་ཧྥང་ཕན་དང་ཅིང་ཐེན་ཡིམ། ཕྱི་ལོ་༢༠༡༢ ལོའི་ཁྲིམས་རྩོད་པ་ཝང་ཡཱ་ཅིམ་དང་ཀྲང་ཁེད། ཕྱི་ལོ་༢༠༠༩ ལོའི་ཐབས་མཁས་དང་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཀྱི་ཁྲིམས་རྩོད་པ་ལཱེ་ཧྥང་ཕན། ཕྱི་ལོ་༢༠༡༠ ལོའི་དོན་གྲུབ་དབང་ཆེན་གྱི་ཁྲིམས་རྩོད་པ་ལཱེ་གོ་ཡཱིན། ཕྱི་ལོ་༢༠༡༠ ལོའི་ཀརྨ་བསམ་འགྲུབ་ཀྱི་ཁྲིམས་རྩོད་པ་ཕཱ་ཀྲི་ཆཱང་དང་ལཱེ་ཧེ་ཆིན། ཕྱི་ལོ་༢༠༡༠ ལོའི་ཞོགས་དུང་གི་ཁྲིམས་རྩོད་པ་ལེ་ཧྥང་ཕན། ཕྱི་ལོ་༢༠༡༡ ལོའི་ཟླ་བའི་ཁྲིམས་རྩོད་པ་ཐིན་པོ་དང་ཀྲིན་ཆེན་ཝེ། ཕྱི་ལོ་༢༠༡༣ ལོར་བློ་གྲོས་རབ་སངས་དང་རྣམ་སངས་བསོད་ནམས། དོན་གྲུབ་རྒྱལ་མཚན་བཅས་ཀྱི་ཁྲིམས་རྩོད་པ་ཐང་ཐེན་ཧོད་དང་ཁྲིན་པན། རཱན་ཏན། ཕྱི་ལོ་༢༠༡༢ ལོའི་འཇམ་དབྱངས་ཡེ་ཤེས་དང་སྒྲུབ་བརྒྱུད་གཉིས་ཀྱི་ཁྲིམས་རྩོད་པ་ཐཱང་ཐེན་ཧོད་དང་ལིང་ཞི་ཅུན། ཝང་ཆེན་ཀྲང་། ཕྱི་ལོ་༢༠༡༣ ལོའི་མཁན་པོ་ཀརྨ་དབང་ཆེན་གྱི་ཁྲིམས་རྩོད་པ་ཐེན་ཧོད་དང་ལིང་ཞོ་ཅུན། ཕྱི་ལོ་༢༠༡༦ ལོའི་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་ལིན་ཞོ་ཅུན་དང་ལིན་ཆི་ལཱས་སོགས་ཀྱི་དངོས་ཡོད་གནས་སྟངས་བཀོད་ཡོད།ཞེས་གསལ་འདུག
ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་ད་རེས་ཀྱི་སྙན་ཐོ་འདི་རྒྱ་ཡིག་ནང་བཏོན་དགོས་དོན་སྐོར་གསར་འགོད་པར། ནམ་རྒྱུན་དུ་རྒྱ་ནག་གིས་དོན་དངོས་ཀྱི་བདེན་པ་དེ་སྦས་གསང་དང་། ཁོ་རང་ཚོས་གང་བཤད་པ་དེ་བདེན་པ་ཡིན་པར་བསྙད་ནས་རྫུན་གཏམ་སྒྲོག་བཞིན་ཡོད་ཀྱང་། ད་ཐེངས་ཀྱི་སྙན་ཐོ་འདི་རྒྱ་རིགས་མི་མང་དཀྱུས་མའི་ཁྲོད་གང་ཐུབ་ཁྱབ་གདལ་གཏོང་ཐབས་ཀྱིས་དོན་དངོས་ཀྱི་བདེན་པ་ར་སྤྲོད་ཐུབ་ཐབས་བྱེད་བཞིན་ཡོད་སྐོར་གསུངས་བྱུང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
