རྒྱལ་ཁབ་གསུམ་གྱིས་པ་ལི་སི་ཐན་ནི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་པའི་གཞུང་འབྲེལ་གྱི་གསལ་བསྒྲགས་སྤེལ།

ཟླ་འདིའི་ཚེས་༢༨ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་སྤྱིའི་ནང་ཨི་སི་རེལ་ལ་གནོན་ཤུགས་ཇེ་ཆེར་དུ་འགྲོ་བཞིན་པའི་སྐབས་སུ། སི་པན་དང་ནོར་ཝེ། ཨར་ལན་ཌི་བཅས་རྒྱལ་ཁབ་གསུམ་གྱིས་པ་ལི་སི་ཐན་ནི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གྱིས་གསལ་བསྒྲགས་སྤེལ་ཡོད་འདུག
ད་ལྟའི་ཆར་ཨི་སི་རེལ་གྱིས་གཏོར་རྒོལ་བྱས་དང་བྱེད་བཞིན་པའི་གྷ་རྫའི་ས་ཁུལ་དུ་བརྟན་ལྷིང་ཡོང་ཆེད། རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཨི་སི་རེལ་གྱི་ཚད་ལས་བརྒལ་བའི་གཏོར་རྒོལ་ལ་ངོ་རྒོལ་དང་གནོན་ཤུགས་སྤྲོད་བཞིན་པའི་སྐབས་སུ། ཟླ་འདིའི་ཚེས་༢༨ ་ཉིན་སི་པན་དང་ནོར་ཝེ། ཨར་ལན་ཌི་(Ireland) བཅས་རྒྱལ་ཁབ་གསུམ་གྱིས་པ་ལི་སི་ཐན་ནི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་ནས་གཞུང་འབྲེལ་གྱི་གསལ་བསྒྲགས་སྤེལ་ཡོད་འདུག
རྒྱལ་ཁབ་གསུམ་པོས་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་པ་ཚོས་ཀྱང་དེ་ལྟར་ངོས་འཛིན་བྱས་ནས་ཕྱོགས་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་དང་འཛིན་བཟུང་བྱས་པའི་གཏའ་མི་རྣམས་གློད་བཀྲོལ་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་འདུག ཡིན་ཡང་། ཨི་སི་རེལ་གྱིས་རྒྱལ་ཁབ་དེ་གསུམ་གྱིས་འཇིགས་སྐུལ་རིང་ལུགས་པ་ལ་ལེགས་སྐྱེལ་ཕུལ་བ་རེད་ཅེས་དང་། ཐག་གཅོད་དེ་ཡིས་གྷ་རྫ་ཁུལ་གྱི་དམག་འཁྲུག་ལ་ཤུགས་རྐྱེན་ཐེབས་ཐུབ་ཀྱི་མ་རེད་ཅེས་བརྗོད་དེ་རྒྱལ་ཁབ་གསུམ་གྱི་ཐག་གཅོད་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག ལྷག་པར་དུ་ཨི་སི་རེལ་གྱིས་རྒྱལ་ཁབ་དེ་དག་ལ་ཡོད་པའི་གཞུང་ཚབ་མི་སྣ་ཕྱིར་འཐེན་བྱས་ཤིང་ཨི་སི་རེལ་ལ་ཡོད་པའི་རྒྱལ་ཁབ་དེ་གསུམ་གྱི་ཕྱི་འབྲེལ་མི་སྣ་ལ་བཀའ་བཀྱོན་བཏང་ཡོད་པ་མ་ཟད་བདུན་ཕྲག་སྔོན་མའི་ནང་རྒྱལ་ཁབ་དེ་གསུམ་གྱི་ཕྱི་འབྲེལ་མི་སྣ་རྣམས་ཨི་སི་རེལ་གྱི་ཕྱི་སྲིད་ལས་ཁུངས་སུ་སྐད་བཏང་ནས་ན་ནིང་ཧ་མ་སིས་ཨི་སི་རེལ་ལ་གཏོར་རྒོལ་བྱས་པའི་བརྙན་ཐུང་དག་བསྟན་ཡོད་འདུག
སི་པན་གྱི་སྲིད་བློན་གྱིས་ཐག་གཅོད་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཐག་གཅོད་ཅིག་ཡིན་པ་དང་། ཐག་གཅོད་དེར་དམིགས་ཡུལ་གཅིག་རང་ཡོད་པ་ནི་ཨི་སི་རེལ་དང་པ་ལི་སི་ཐན་བར་ཞི་བདེ་ཡོང་བར་རོགས་རམ་བྱེད་རྒྱུ་དེ་རེད་ཅེས་བརྗོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱལ་ཁབ་ཁྱོན་བསྡོམས་༡༩༣ ཡོད་པའི་ནང་ནས་གསུམ་ཆ་གཉིས་སམ་ཁོངས་གཏོགས་རྒྱལ་ཁབ་༡༤༠ ཙམ་གྱིས་པ་ལི་སི་ཐན་ནི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་ན་ཡང་། ཡུ་རོབ་ནས་རྒྱལ་ཁབ་༧ མ་གཏོགས་ངོས་འཛིན་བྱས་མེད་པ་རེད་འདུག ཨི་སི་རེལ་གྱིས་གྷ་རྫ་ཁུལ་ལ་གཏོར་རྒོལ་བྱས་ནས་ད་བར་མི་གྲངས་ཁྲི་གསུམ་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ད་དུང་ཡང་གྷ་རྫའི་ལྷོ་ཕྱོགས་སུ་དཔུང་འཇུག་བྱེད་བཞིན་པའི་སྐབས། པ་ལི་སི་ཐན་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག
ཕྱི་ཟླ་༥ཚེས་༡༠ ་ཉིན་རྒྱལ་ཚོགས་སུ་པ་ལི་སི་ཐན་རྒྱལ་ཚོགས་ཀྱི་ཁོངས་སུ་འཇུག་མིན་གྱི་ཐོག་འོས་བསྡུ་བྱེད་སྐབས། རྒྱལ་ཁབ་༡༤༣ གྱིས་རྒྱབ་སྐྱོར་བྱས་ཡོད་པ་དང་། བདུན་ཕྲག་སྔོན་མའི་ནང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་(International Criminal Court) གིས་ཨི་སི་རེལ་གྱི་སྲིད་བློན་གཙོས་པའི་འགོ་ཁྲིད་ཁག་ཅིག་དང་ཧ་མ་སིའི་འགོ་ཁྲིད་ཁག་ཅིག་གིས་དམག་འཁྲུག་གི་ནག་ཉེས་བསགས་ཡོད་པའི་དབང་གིས་འཛིན་བཟུང་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་འདུག ད་ལྟའི་ཆར་གྷ་རྫའི་དམག་འཁྲུག་ལ་བརྟེན་ནས་ཡུ་རོབ་དང་ཨི་སི་རེལ་བར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་བཞིན་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།