རྒྱལ་ཁབ་གྲངས་༤༤ ལྷན་ཚོགས་ཐོག་བོད་དང་ཤར་ཏུར་ཀི་སི་ཐན་གྱི་གནས་སྟངས་གླེང་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༧ པའི་ཐོག ཚོགས་མི་རྒྱལ་ཁབ་གྲངས་ ༤༤ ཡིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་དང་། ཤར་ཏུར་ཀི་སི་ཐན་དུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལྟ་ཞིབ་ཚོགས་ཆུང་འགྲོ་རུ་འཇུག་པའི་དགོས་འདུན་བཏོན་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༧ པ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༡ ནས་ཟླ་ ༧ ཚེས་ ༡༣ བར་འཚོག་གི་ཡོད་པ་དང་། ཚོགས་ཆེན་གྱི་ཉིན་དང་པོར་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ (Michelle Bachelet Jeria) ཡིས་རྒྱལ་ཚོགས་ཀྱི་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་སྒྲོགས་སྦྱང་གནང་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོས་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་སྒྲོགས་སྦྱང་གནང་བའི་སྐོར་ཕྱི་ཚེས་ ༢༢ ཉིན་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་གྲོས་བསྡུར་གནང་སྐབས། ཁ་ན་ཊའི་རྒྱལ་ཚོགས་ཀྱི་གཞུང་ཚབ་ཆེན་མོ་ལྕམ་སྐུ་ལེ་སི་ལེ་ནོར་ཊོན་(Leslie E. Norton) གྱིས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གྲངས་ ༤༤ ཐུན་མོང་གི་ཚབ་ཞུས་ཏེ་རྒྱ་ནག་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཐད་ལ་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་པའི་གཏམ་བཤད་བྱས།
མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ཡིས་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་སྒྲོག་སྦྱངས་གནང་སྐབས། ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་མིང་དོན་མཚུངས་པའི་རྟོག་ཞིབ་ཡོང་སླད་ལོ་འདིའི་ནང་རྒྱ་ནག་གཞུང་གིས་ཁོང་ཤར་ཏུར་ཀི་སི་ཐན་ནང་ཕེབས་སུ་འཇུག་དགོས་པའི་དགོས་འདུན་བཏོན་འདུག་པ་དང་། གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོའི་གཟིགས་སྐོར་དེ་ནི་“མཛའ་མཐུན་གྱི་གཟིགས་སྐོར་”ཞིག་ལ་བརྩི་ཆོག་པ་ལས་“རྟོག་ཞིབ་”ལའང་བརྩི་རྒྱུ་མིན་ཞེས་བཤད་པ་མ་ཟད། ཧོང་ཀོང་དང་ཤར་ཏུར་ཀི་སི་ཐན་གྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་ཞིང་། གནད་དོན་དེ་རྒྱ་ནག་གི་བདག་དབང་ལ་ཐེ་བྱུས་བྱེད་རྒྱུར་བེད་སྤྱོད་བྱེད་མི་ཆོག་ཅེས་བཤད་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་གྲངས་ ༤༤ ཐུན་མོང་གིས་སྤེལ་བའི་བསྒྲགས་གནང་ནང། རྒྱ་ཁབ་དེ་དག་གིས་“ང་ཚོས་རྒྱ་ནག་ལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ཚུད་པའི་རང་དབང་གི་རྟོག་ཞིབ་ཚོགས་ཆུང་ཞིག་ཤར་ཏུར་ཀི་སི་ཐན་ནང་མིང་དོན་མཚུངས་པའི་རྟོག་ཞིབ་སླད་འཕྲལ་དུ་འགྲོ་འཇུག་དགོས་པ་དང་། རྒྱ་ནག་གིས་མི་རིགས་དབྱེ་འབྱེད་དང་། ཡུ་གུར་དང་ཁ་ཆེའི་མི་རིགས་ཚོ་ཉེས་མེད་བཙོན་འཇུག་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་”ཅེས་བརྗོད་འདུག
ཨ་རི་དང་། ཁེ་ན་ཊ། ཅེག་སྤྱི་མཐུན་རྒྱལ་ཁབ། ཨི་ཊ་ལེ། འཇར་མན་ནི། ཨིན་ཇི་ལ་སོགས་པའི་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་ཁག་འདུས་པའི་རྒྱལ་ཁབ་ ༤༤ ཡི་བསྒྲགས་གཏང་ནང་། བོད་དང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་པ་སྐོར་འཁོད་འདུག་པ་མ་ཟད། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་་ཁྲིམས་དང་སྒྲིག་གཞི་ཁག་ལ་བརྩི་སྲུང་བྱེད་དགོས་པའི་དགོས་འདུན་ཡང་བཏོན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
