རྒྱལ་ཁབ་ལྔའི་ལྷན་ཚོགས་ཐོག་ཨུ་རུ་སུའི་སྲིད་འཛིན་མཉམ་ཞུགས་བྱེད་མ་ཕོད།

ཟླ་འདིའི་ཚེས་༢༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༢༢ ནས་ཉིན་གྲངས་གསུམ་རིང་ལྷོ་ཨ་ཧྥི་རི་ཁ་ལ་བྷི་རི་སི་(BRICS) ་ལྷན་ཚོགས་སམ་རྒྱལ་ཁབ་ལྔ་ཡི་ལོ་འཁོར་ཚོགས་འདུ་ཐེངས་༡༥ ་པ་དེ་འཚོག་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

བྷི་རི་སི་ཞེས་པའི་ལྷན་ཚོགས་ནང་རྒྱ་དཀར་ནག་གཉིས་དང་ལྷོ་ཨ་ཧྥི་རི་ཀ།ཨུ་རུ་སུ་དང་བྷར་ཛིལ་བཅས་རྒྱལ་ཁབ་ལྔ་ཡོད་པ་དང་། ཐེངས་འདིའི་ལོ་འཁོར་ལྷན་ཚོགས་ཐེངས་༡༥ པ་དེ་ལྷོ་ཨ་ཧྥི་རི་ཀའི་ནང་འཚོག་རྒྱུ་དང་། ཨུ་རུ་སུའི་སྲིད་འཛིན་མ་གཏོགས་ཚོགས་མི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་སོགས་ཕེབས་འཆར་ཡོད་འདུག

ཐེངས་འདིའི་ལྷན་ཚོགས་དང་འབྲེལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་རྰ་ཇན་ཀུ་མར་(Dr Rajan Kumar) ་གྱིས་བརྗོད་གསལ་ལྟར་ན། ཐེངས་འདིའི་ལྷན་ཚོགས་དེ་ནི་ཕྱི་ལོ་༢༠༡༩ ལོར་རྒྱ་ནད་བཅུ་དགུ་པ་དེ་འཛམ་གླིང་གང་སར་ཁྱབ་བརྡལ་ཕྱིན་པ་ནས་བཟུང་། བྷི་རི་སི་ཚོགས་པའི་དབུ་ཁྲིད་རྣམས་ཚོགས་ཐོག་ཏུ་དངོས་སུ་འཛོམས་ནས་འཚོགས་པའི་ཚོགས་འདུ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་ལོ་འདིའི་ཕྱི་ཟླ་༣ པའི་ནང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨུ་རུ་སུའི་སྲིད་འཛིན་ལ་དམག་འཁྲུག་གི་ནག་ཉེས་ཡོད་པའི་མིང་ཐོག་ནས་འཛིན་བཟུང་བྱ་དགོས་ཞེས་གསལ་བསྒྲགས་སྤེལ་ཞིང་། ཐེངས་འདིའི་བྷི་རི་སི་ལྷན་ཚོགས་ཀྱི་གཙོ་སྐྱོང་གནང་མཁན་ལྷོ་ཨ་ཧྥི་རི་ཀ་ཡང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་མི་ཞིག་ཡིན་པར་བརྟེན། ཨུ་རུ་སུའི་སྲིད་འཛིན་ལྷོ་ཨ་ཧྥི་རི་ཀར་ཕྱིན་ནས་ཚོགས་འདུ་ལ་ཞུགས་ཚེ། ལྷོ་ཨ་ཧྥི་རི་ཀ་ལ་དཀའ་ངལ་འཕར་མ་ཞིག་འཕྲད་སྲིད་ཀྱང་། ཨུ་རུ་སུའི་སྲིད་འཛིན་གྱིས་ཁོང་ཉིད་ཚོགས་འདུ་ལ་མཉམ་ཞུགས་བྱེད་རྒྱུ་ཕྱིར་འཐེན་བྱས་པའི་དབང་གིས། ཚོགས་འདུ་གཙོ་སྐྱོང་གནང་མཁན་ལྷོ་ཨ་ཧྥི་རི་ཀ་ནི་བྱ་དཀའ་བའི་གནས་ལས་གྲོལ་ཡོད་འདུག གཞན་ཡང་ཐེངས་འདིའི་ལྷན་ཚོགས་ཐོག་ཚོགས་མི་གསར་པ་བསྡུ་ཕྱོགས་ཀྱི་ཐོག་ལ་གོ་བསྡུར་བྱེད་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱིས་ལྷན་ཚོགས་དེ་ལ་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་ཨ་རི་ལ་ཁ་གཏད་གཅོག་ཆེད་དང་ཚོགས་མི་ནང་ཁུལ་དོ་མཉམ་ཡོང་ཆེད་ཚོགས་མི་གསར་པ་གང་མང་བསྡུ་རྒྱུ་ལ་ཤུགས་སྣོན་རྒྱག་བཞིན་ཡོད་ཀྱང་། ཨུ་རུ་སུས་ཨ་རི་ལ་ཁ་གཏད་གཅོག་ཆེད་ཚོགས་མི་མང་དུ་བསྡུ་རྒྱུ་ལ་ཁས་ལེན་བྱེད་སྲིད་ཀྱང་། ཚོགས་མི་ནང་ཁུལ་དོ་མཉམ་ཡོང་རྒྱུ་ལ་ཐེ་ཚོམ་བྱེད་བཞིན་ཡོད་འདུག ལྷག་པར་དུ་ཚོགས་མིའི་རྒྱལ་ཁབ་རྒྱ་གར་དང་བྷིར་ཟིལ་གཉིས་ཀྱིས་རྒྱ་ནག་གི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་འདོད་མེད་པའི་ཐོག ཚོགས་པ་དེ་ནི་མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་རྒྱལ་ཁབ་ཁོ་ན་ཡོད་པའི་ཚོགས་པ་ཞིག་ལ་བསྒྱུར་འདོད་བྱེད་ཀྱི་མེད་པ་རེད་འདུག་ལ། རྒྱལ་ཁབ་དེ་གཉིས་ཀྱིས་བྷི་རི་སི་ཚོགས་པ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་རེད་འདུག

ད་ལྟའི་ཆར་རྒྱལ་ཁབ་༤༠ ཡིས་ཚོགས་པ་དེའི་ནང་མཉམ་ཞུགས་བྱེད་རྒྱུའི་འདོད་པ་ཡོད་པའི་རྣམ་འགྱུར་བཏོན་ཡོད་པ་མ་ཟད། ད་བར་རྒྱ་ཁབ་༢༣ གྱིས་གཞུང་འབྲེལ་གྱིས་སྙན་ཞུ་ཡང་ཕུལ་ཡོད་འདུག ད་ལྟའི་ཆར་བྷི་རི་སིའི་ལྷན་ཚོགས་ཀྱི་ཚོགས་མིའི་ནང་དམངས་གཙོའི་རྒྱལ་ཁབ་གསུམ་དང་མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་རྒྱལ་ཁབ་གཉིས་ཡོད་འདུག

རྒྱལ་ཁབ་ལྔ་ཡོད་པའི་བྷི་རི་སི་ཞེས་པའི་ཚོགས་པའི་ལྷན་ཚོགས་ཐེངས་དང་པོ་༢༠༠༩ ལོ་ཚོགས་ཡོད་པ་དང་། ད་ལྟའི་ཆར་ཚོགས་པ་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་༤༢% ཟིན་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོན་སྐྱེད་ཕྱོགས་བསྡོམས་བརྒྱ་ཆ་༢༣% ཟིན་ཡོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།