རྒྱལ་དར་གྱིས་འོས་མང་དུ་འགྲོ་སྲིད་དམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༢༨ ཕྱི་ལོ་ ༢༠༢༠/༡༡/༡༨
ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་བསྡུ་ཆེན་མོའི་ལས་རིམ་མགོ་བཙུགས་ཟིན་པ་དང་། ཆོག་དང་མི་ཆོག་གི་གནས་ཚུལ་མང་པོ་ཞིག་ཀྱང་གསལ་བསྒྲགས་གནང་ཡོད། གནད་དོན་ཁག་ཅིག་ལ་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུས་དཔྱད་བརྗོད་ཅིག་སྤེལ་བ་དང་། དེ་ལ་དབུས་འོས་བསྡུ་ལས་ཁང་ནས་ལན་འདེབས་ཀྱང་བྱས་སོང་། སྤྱིར་སྤྱི་ཚོགས་ནང་ལྟ་སྟངས་མི་འདྲ་བ་ལ་བརྟེན་ནས་མཐོང་ཚུལ་མི་འདྲ་བའང་ཡོང་གི་ཡོད་པ་དང་། དེ་ལ་བརྟེན་ནས་བསམ་ཚུལ་མི་འདྲ་བ་མང་པོ་ཆགས་ཀྱི་ཡོད་པའང་རྒྱུན་ལྡན་ཡིན་པས། གནས་ཚུལ་མང་པོ་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན་དེ་ནི་ཧང་སང་དགོས་པའི་གནད་དོན་ཞིག་གང་ཡང་མ་རེད། འོན་ཀྱང་གནས་ཚུལ་དེའི་རྒྱབ་ལྗོངས་དང་། དོན་དངོས་གང་ཡིན་ལ་བསམ་བློ་གཏོང་དགོས་པ་དེ་ཡང་ཧ་ཅང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་མི་མང་གི་ངོས་ནས་ཀྱང་དེ་ལ་དོ་སྣང་དང་ཤེས་རྟོགས་ཡོང་ཐབས་དགོས་པ་དེ་ནི་མང་གཙོའི་གོམས་གཤིས་ཡར་རྒྱས་གཏོང་བའི་ཐབས་ལམ་བཟང་ཤོས་དེ་རེད།
དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དོན་ཚན་༡༢ གནང་ཡོད་པའི་ནང་། “༡)སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མཁན་རྣམས་ཀྱིས་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དྲིལ་བསྒྲགས་ཡིག་ཆའི་སྟེང་༧གོང་ས་མཆོག་གི་སྐུ་པར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། བོད་ཀྱི་ས་ཁྲ་སོགས་གང་དུའང་བེད་སྤྱོད་མི་ཆོག”ཅེས་གལ་ཆེན་དོན་ཆེན་བྱས་ནས་དོན་ཚན་དང་པོར་བཀོད་ཡོད། དེ་དག་གི་ནང་ནས་༧གོང་ས་མཆོག་གི་སྐུ་པར་དང་འབྲེལ་བ་དེ་ལ་རྒྱུ་མཚན་ཡོད་ཅིང་། དཔེར་ན་འོས་གཞི་ག་གེ་མོ་ཞིག་རང་ཉིད་༧གོང་ས་མཆོག་དང་མཉམ་དུ་ཡོད་པའི་སྐུ་པར་ཞིག་འོས་བསྡུའི་དྲིལ་བསྒྲགས་ནང་བེད་སྤྱོད་བཏང་ན། འོས་འཕེན་པ་ཕལ་ཆེ་བའི་བསམ་བློར་མི་དེ་ལ་༧གོང་ས་མཆོག་གིས་ཐུགས་མཉེས་པོ་ཡོད་པའི་མཐོང་ཚུལ་དེ་སླེབས་ངེས་པས་ཤུགས་རྐྱེན་ཆེན་པོ་ཡོད་ཅིང་། གཞུང་གི་ལས་རྟགས་སྒེར་གྱི་བེད་སྤྱོད་གཏོང་མི་འོས་པ་དེའང་སྤྱི་སྲོལ་དུ་གྱུར་ཡོད།
བོད་པའི་རྒྱལ་དར་དེ་གཞུང་སྒེར་གྱི་ཚོགས་པ་གང་ཡིན་ཡང་བེད་སྤྱོད་བྱེད་བཞིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་རྣམ་པས་ཀྱང་ངོ་རྒོལ་སྐད་འབོད་སོགས་སུ་བེད་སྤྱོད་བྱེད་བཞིན་པས། དེ་ལ་ཀླན་ཀ་ཡོང་གཞི་གང་ཡང་མེད་པ་མ་ཟད། འོས་གཞིར་ལང་མཁན་ཞིག་གིས་བོད་ཀྱི་རྒྱལ་དར་གྱི་པར་བཞག་པ་དང་། རྒྱབ་སྐྱོར་བའི་འདུ་འཛོམས་ནང་བོད་ཀྱི་རྒྱལ་དར་ཁུར་བ་བཅས་ལ་བརྟེན་ནས་དམིགས་བསལ་གྱིས་འོས་མི་བྱེ་བྲག་པར་འོས་ཤོག་མང་དུ་འགྲོ་བའི་རྒྱུ་མཚན་གང་ཡང་མེད་ངེས་རེད་ལ། འོས་འཕེན་པའི་འདུ་འཛོམས་སྐབས་བོད་ཀྱི་རྒྱལ་དར་མང་པོ་ཕྱར་ནས་འགྲོ་བ་མི་རིགས་གཞན་གྱིས་དངོས་སུ་དང་། འདྲ་པར་ནང་ནས་མཐོང་བ་སོགས་གང་ཡིན་ཡང་བོད་དོན་དྲིལ་བསྒྲགས་ཕན་ཐོགས་ཆེན་པོ་ཡོད་པས། འོས་བསྡུའི་དྲིལ་བསྒྲགས་སོགས་སུ་བོད་ཀྱི་རྒྱལ་དར་བེད་སྤྱོད་མི་ཆོག་ཚུལ་བསྒྲགས་པ་དེར་རྒྱུ་མཚན་གང་ཡང་མེད་པ་དང་། སྤྱི་ཚོགས་ནང་གླེང་སློང་དང་ལྟ་ཚུལ་སླེབས་ཟིན་རྗེས་ད་དུང་མུ་མཐུད་མཁྲེགས་འཛིན་གནང་ན་དེ་བས་ཀྱང་གནོན་སྐྱོན་ཆེན་པོ་ཡོད།
འོན་ཀྱང་འོས་བསྡུ་ལས་ཁང་གི་ཐག་གཅོད་དེ་བོད་རྒྱལ་ཁབ་ཀྱི་ངོ་བོ་གཏན་ནས་མི་མཚོན་པའི་ཆེད་དུ་བོད་ཀྱི་རྒྱལ་དར་བེད་སྤྱོད་མི་ཆོག་པར་བཟོས་པ་ཞིག་མིན་ངེས་ནའང་། བོད་ཀྱི་རྒྱལ་དར་གྱིས་འོས་གཞིར་བཞེངས་མཁན་ལ་དམིགས་བསལ་འོས་ཤོག་གིས་ཁེ་ཕན་རག་ཐུབ་པའི་རྒྱུ་མཚན་བགྲང་རྒྱུ་མེད་པ་དང་། བོད་ཀྱི་རྒྱལ་དར་ཡོད་ན་དེ་ལ་བརྟེན་ནས་ཞོར་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྣམ་འགྱུར་ཡང་ཆེན་པོ་ཞིག་ཐོན་བཞིན་ཡོད་པས། མདོར་བསྡུས་ན་བོད་ཀྱི་རྒྱལ་དར་བེད་སྤྱོད་བྱ་རྒྱུར་དགག་བྱ་གནང་བ་དེར། འོས་བསྡུ་ལས་ཁང་གི་གསལ་བཤད་དང་གཞན་ཡང་ཕྱོགས་གང་ནས་བལྟས་ཀྱང་རྒྱུ་མཚན་དང་གནས་ལུགས་གསལ་པོ་ཡོད་པ་ཞིག་ཏུ་གཏན་ནས་གྱུར་མེད། ད་དུང་འོས་བསྡུ་ལས་ཁང་ནས་བོད་ཀྱི་ས་བཀྲ་བེད་སྤྱོད་ཆོག་མིན་བསྒྲགས་པ་འདི་ཡང་དོགས་པ་འདྲ་མིན་སློང་གཞི་ལྟ་བུ་ལས་དམིགས་བསལ་གྱིས་རྒྱུ་མཚན་ཡོད་པ་ཞིག་ཏུ་མཐོང་དཀའ་བ་མ་ཟད། རྩོམ་པ་པོ་འཇམ་དབྱངས་ནོར་བུས་བརྗོད་པ་ལྟ་བུའི་དོགས་པའང་སྐྱེ་ངེས་པ་ཞིག་ཏུ་གྱུར་ཡོད།
མདོར་ན་དབུས་འོས་བསྡུ་ལས་ཁང་ནས་འོས་གཞིར་ལང་མཁན་རྣམ་པས་བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་པར་དགག་བྱ་གནང་བ་དེར། དགོས་པ་ལས་དགག་བྱ་མང་བའི་ཐག་གཅོད་ཅིག་ཡིན་པས་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་དང་། ད་དུང་བོད་ནང་དུ་༧གོང་ས་མཆོག་གི་སྐུ་པར་ལ་དམ་དྲག་ཡོད་པ་དང་། བོད་ཀྱི་རྒྱལ་དར་ལ་དེ་བས་ཀྱང་དམ་དྲག་ཡོད་པས་འགྲེལ་བཤད་དང་རྒྱུ་མཚན་སྣ་ཚོགས་ཀྱིས་འབྲེལ་བ་བཏགས་ན་བསམ་བློའི་ནང་ཤུགས་རྐྱེན་ཐེབས་ངེས་རེད། གླེང་སློང་ཡོང་ཚར་བའི་རྗེས་སུ་རྒྱུ་མཚན་དང་གནས་ལུགས་ཚད་ལྡན་ཡོད་ན་བསམ་ཚུལ་དེ་བཤད་མཁན་སུ་ཡིན་ཡང་དང་ལེན་བྱེད་དགོས་པ་དང་། རྒྱུ་མཚན་དང་གནས་ལུགས་མེད་ན་བཤད་མཁན་སྐད་གྲགས་ཆེ་ཆུང་ལ་ལྟ་མི་དགོས་པར་དང་ལེན་གཏན་ནས་བྱེད་མི་འོས། དེར་བརྟེན་༧གོང་ས་མཆོག་གི་སྐུ་པར་གྱི་སྐོར་ལ་རྒྱུ་མཚན་མེད་པ་མིན་ཡང་། བོད་ཀྱི་རྒྱལ་དར་དང་འབྲེལ་བའི་སྐོར་འོས་བསྡུའི་ལས་ཁང་གི་འགྲེལ་བཤད་ལ་རྒྱུ་མཚན་ཏིལ་འབྲུ་ཙམ་ཞིག་མི་འདུག་སྙམ།།