རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

ཉེ་བའི་ཆར་རྒྱ་ནག་གི་རྒྱ་ནག་གི་གོ་ལའི་བརྙན་འཕྲིན་བརྒྱུད་ལམ་༼CGTNd༽ དང་x སོགས་ཀྱིས་༧གོང་ས་མཆོག་དང་ཨ་རིའི་ནག་ཉེས་ཅན་ཨེབ་སུ་ཊེན་གཉིས་བར་འབྲེལ་བ་ཡོད་པའི་སྒྲོ་འདོགས་ཀྱི་གནས་ཚུལ་ཤུགས་ཆེ་སྤེལ་བ་དང་། དེར་བརྟེན་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡང་དཀྲོག་གཏམ་འདྲ་མིན་ཁྱབ་བཞིན་ཡོད་པ་མཐོང་བས། ཁོ་བོས་གནད་དོན་འདིའི་བྱུང་རིམ་དང་དངོས་ཡོད་གནས་ཚུལ་ལ་དྲ་ཐོག་ནས་རྒྱུས་ལོན་རོབ་ཙམ་བྱས་པ་ཡིན།

ངས་རྒྱུས་ལོན་བྱས་པའི་དངོས་ཡོད་གནས་ཚུལ་དག་ནི་འདི་ལྟར་རེད། ཕྱི་ལོ་༢༠༢༣ལོའི་ལོ་མཇུག་ཏུ་ཨ་རིའི་རྩོམ་པ་པོ་མེ་ཁུལ་ཝོལ་ཧྥ་ (Michael Wolff) ཟེར་བས་ཉིན་རེའི་རི་དྭགས་(Daily Beast)ཅེས་པའི་སྒྲ་བརྙན་ལེ་ཚན་ཞིག་གི་ནང་། ཁོས་ཨེབ་སུ་ཊེན་གྱི་གསང་བའི་གློག་འཕྲིན་ལ་བལྟས་པ་ཡིན་ཞེས་དང་། དེའི་ནང་རྒྱལ་བ་རིན་པོ་ཆེའི་མཚན་ཐེངས་ ༡༦༩ ཙམ་སླེབས་འདུག་ཅེས་བཤད་པ་དེ་ད་ཐེངས་ཀྱི་དཀྲོག་གཏམ་འདིའི་གཞི་རྩ་ཆགས་འདུག

མེ་ཁུལ་ཝོལ་ཧྥ་ཡིས་སྐད་ཆ་དེ་བཤད་རྗེས་ཨ་རིའི་རང་དབང་གསར་འགོད་པ་དང་རྩོམ་པ་པོ་ཇཱ་ཀོབ་སིལ་ཝར་མན་ (Jacob Silverman) གྱིས་༢༠༢༥ ཟླ་ ༨ ཚེས་ ༤ ཉིན་རྒྱལ་བ་རིན་པོ་ཆེ་ཅིའི་ཕྱིར་ཇེ་ཕྲེ་ཨེབ་སི་ཊོན་གྱི་ཁང་པར་ཕེབས་པ་རེད་ཅེས་པའི་རྩོམ་ཞིག་སྤེལ་ནས་རྒྱལ་བ་རིན་པོ་ཆེ་དང་ཨེབ་སེ་ཊོན་བར་ལ་དངུལ་གྱི་འབྲེལ་བ་བྱུང་ཡོད་སྲིད་པའི་དོགས་སློང་བྱས་འདུག་ན་ཡང་། རྒྱལ་བ་རིན་པོ་ཆེ་དང་ཨེབ་སེ་ཊོན་དང་འབྲེལ་བ་བྱུང་བའི་བདེན་དཔང་གཞན་གང་ཡང་བཏོན་མི་འདུག  

ང་ཚོས་གསལ་པོ་ཤེས་དགོས་པ་ཞིག་ནི། མ་ཡེ་ཁུལ་ཝོལ་ཧྥ་ཡིས་བཤད་པའི་ཚོད་དཔག་གི་དཀྲོག་གཏམ་དེ་དག་ནི་ཕྱི་ལོ་ ༢༠༢༡ ལོར་ཨེབ་སུ་ཊེན་གྱི་ལས་རོགས་མག་སེ་ཝེལ་ (Maxwell) ཟེར་བ་ལ་ཨ་རིའི་ཁྲིམས་བཤེར་བྱེད་སྐབས་༼FBI༽ ཡིས་ཨེབ་སུ་ཊེན་གྱི་ལས་རོགས་ཉེ་ཤོས་དང་ལས་ཀ་བཀོད་སྒྲིག་བྱེད་མཁན་ས་ར་ཁུ་ལེན་(Sarah Kellen)གྱི་ཉིན་ཐོ་(Scheduling Logs) དག་ལ་ཟེར་གྱི་ཡོད། དེའི་ནང་དུ་ཨེབ་སུ་ཊེན་གྱིས་ཕྱོགས་གཅིག་ནས་རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་ཞུ་རྒྱུའི་རེ་བ་བརྒྱབ་སྟེ། ལས་མི་ཚོར་རྒྱལ་བ་རིན་པོ་ཆེའི་མཛད་རིམ་རྗེས་འདེད་བྱེད་དུ་བཅུག་པའི་ཟིན་ཐོའི་ནང་སླེབས་པའི་མཚན་ཙམ་དང་། ཕྱི་ལོ་༢༠༡༩ ལོར་ The New Yorker” གསར་ཁང་གིས་ཨ་རིའི་འཕྲུལ་རིག་ཞིབ་འཇུག་ཁང་ (MIT Media Lab) ཁང་གི་འགན་འཛིན་ཇོ་ཤེས་ཨེ་ཊོ་ (Joichi Ito) དང་རྒྱལ་བ་རིན་པོ་ཆེའི་དབར་གྱི་ཚན་རིག་བགྲོ་གླེང་གི་ལས་གཞི་ཞིག་གི་སྐོར་སྤེལ་སྐབས། ཨེབ་སུ་ཊེན་གྱིས་དངུལ་སྤྲད་ནས་རང་ཉིད་མཉམ་ཞུགས་བྱེད་ཐབས་བྱས་པའི་སྐོར་གྱི་་ཇོ་ཤེས་ཨེ་ཊོ་ཡི་གློག་འཕྲིན་ནང་གི་མཚན་ཙམ་རེད། དེ་དག་གང་གིས་ཀྱང་༧གོང་ས་མཆོག་དང་ཨེབ་སུ་ཊེན་བར་ལ་དངོས་ཤུགས་བརྒྱུད་གསུམ་གང་ནས་ཀྱང་འབྲེལ་བ་བྱུང་བའི་བདེན་དཔང་སྒྲུབ་ཐུབ་ཀྱི་མེད།

ཉེ་བའི་ཆར་ཕྱི་ལོ་ ༢༠༢༥ དང་ ༢༠༢༦ ལོའི་ནང་ཨ་རིའི་གྲོས་ཚོགས་དང་ཁྲིམས་ཁང་ནས་ཨེབ་སུ་ཊེན་དང་འབྲེལ་བའི་འདྲ་པར་དང་ཡིག་ཆ་མང་པོ་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་སྐབས་དང་བསྟུན་ནས། རྒྱ་ནག་གི་གོ་ལའི་བརྙན་འཕྲིན་དང་དེའི་ཕྱོགས་གཏོགས་ཚོས་བརྒྱུད་ལམ་འདྲ་མིན་ཐོག་མེ་ཁུལ་ཝོལ་ཧྥ་ཚོད་དཔག་གཏམ་འཆལ་དང་ཡིག་ཆ་རྙིང་པ་ (༢༠༡༩/༢༠༢༡) དེ་དག་བསྐྱར་དུ་བཏོན་ཏེ། ཨེབ་སི་ཊོན་གྱི་ཡིག་ཆའི་ནང་ཏཱ་ལའི་བླ་མའི་མཚན་ཉུང་མཐར་ཐེངས་ ༡༦༩ ཐོན་འདུག་ཅེས་ཉ་ཉོག་མཉམ་བསྲེས་ཀྱིས་༧གོང་ས་མཆོག་ལ་ནག་ཉེས་ཤིག་ཕོག་ཡོད་མདོག་གིས་དཀྲོག་གཏམ་བཟོས་པ་རེད།

དོན་དངོས་ཐོག་ཕྱི་ལོ་༢༠༢༥ དང་ ༢༠༢༦ ལོའི་ནང་ཨ་རིའི་གྲོས་ཚོགས་དང་ཁྲིམས་ཁང་ནས་ཨེབ་སུ་ཊེན་དང་འབྲེལ་བའི་ཡིག་ཆ་དང་འདྲ་པར་སྟོང་ཕྲག་མང་པོ་ཕྱིར་བསྒྲགས་བྱས་པ་དེ་དག་གི་ནང་དུ། རྒྱལ་བ་རིན་པོ་ཆེ་དང་ཨེབ་སུ་ཊེན་བར་འབྲེལ་བ་བྱུང་བའི་བདེན་དཔང་དང་རྒྱུ་མཚན་གཏན་ནས་ཐོན་མེད། དེར་བརྟེན་རྒྱ་ནག་གཞུང་དང་དེའི་ཕྱོགས་གཏོགས་ཀྱིས་༧གོང་ས་མཆོག་ལ་སྐུར་འདེབས་བྱེད་པའི་དཀྲོག་གཏམ་སྤེལ་བཞིན་པ་ནི། དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་བ་ཞིག་མིན་པར་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་བའི་ངན་བྱུས་ཤིག་ཡིན་པ་ར་སྤྲོད་གསལ་པོ་བྱུང་ཡོད།

དངོས་ཡོད་ར་སྤྲོད་བྱེད་མཁན་ཨ་རིའི་རྒྱལ་སྤྱིའི་སྒྱུ་རྩལ་དང་སྤྲོ་སྐྱིད་གསར་འགྱུར་དྲ་བ་ (Meaww) ཐོག་ཕྱི་ལོ་ ༢༠༢༦ ཟླ་ ༠༢ ཚེས་ ༠༣ ཉིན་ཨེབ་སི་ཊོན་གྱི་ཡིག་ཆའི་ནང་ཏཱ་ལའི་བླ་མའི་མཚན་ཉུང་མཐར་ཐེངས་ ༡༦༩ ཐོན་འདུག་ཟེར་བ་དེ་བདེན་པ་ཡིན་ནམ་ཞེས་པའི་རྩོམ་པ་པོ་ཁོན་རེ་ཌི་ཌི་ཡ་སིའི་ (Conrad Dias) དཔྱད་རྩོམ་དེས་ལོག་བཤད་དེ་དག་སུམ་འབྱིན་བྱས་ཏེ། ༧གོང་ས་མཆོག་ལ་འབྲེལ་བ་གང་ཡང་མེད་པ་དང་། རྒྱ་ནག་དང་དེའི་ཕྱོགས་གཏོགས་ཚོས་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་བྱེད་ཀྱི་ཡོད་པ་གསལ་པོ་བཟོས་འདུག

མདོར་ན། དགའ་ལྡན་ཕོ་བྲང་གིས་གནད་དོན་འདིའི་ཐོག་གསལ་བཤད་གསལ་པོ་གནང་ཡོད་པ་དེར་ང་ཚོས་ཡིད་ཆེས་བྱེད་ཆོག་པ་ལ་ཐེ་ཚོམ་གཏན་ནས་མེད། ༧གོང་ས་མཆོག་གི་མཛད་པ་དང་མཚན་མཐོང་ནི་སྐྱོན་བྲལ་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བར་བརྟེན། སྡད་ཟུག་དང་ངན་སྨད་ཀྱི་ཆར་རླུང་དང་སྤྲིན་ནག་ཇི་ལྟར་འཚུབ་ཀྱང་། དྭངས་གསལ་གྱི་ནམ་མཁའ་ལ་སྐྱོན་གྱིས་བསྒྲུབ་པར་ག་ལ་འགྱུར། འོན་ཀྱང་། ང་ཚོའི་སྤྱི་ཚོགས་ནང་འཁྲུལ་སྣང་དང་ཕྲག་དོག་གིས་ཟིན་པའི་བླུན་རྨོངས་པ་རེ་ཟུང་གིས། རང་དང་འདྲ་བའི་བློ་དམན་པ་འགའ་རེ་ལོག་པའི་ལམ་དུ་ཁྲིད་རྒྱུའི་ཉེན་ཁ་ཡོད་པར་མཐོང་སྟེ། ཁོ་བོས་ཀྱང་དངོས་ཡོད་གནས་ཚུལ་ཅི་བཞིན་བརྟགས་ཤིང་དཔྱད་ནས་ཡི་གེ་འདི་བཀོད་པ་ལགས་སོ།།

ནགས་ཕྲན་པ་བསོད་ནམས་ཚེ་རིང་ནས་ ཕྱི་ལོ་ ༢༠༢༦ ཟླ་ ༠༢ ཚེས་ ༠༩ ཉིན།