རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་དང་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་གླེང་སློང་གནང་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཆེད་མཁས་པ་ཚོས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་སྐོར་དང་། ༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ནང་གླེང་སློང་གནང་ཡོད་འདུག་ཅིང་། རྒྱ་ནག་གཞུང་གིས་མ་འོངས་པའི་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱས་ན་འགྲིག་གི་མ་རེད་ཅེས་བརྗོད་འདུག
ཕྱི་ཚེས་༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིག་ཐོག་གནས་ཚུལ་སྤེལ་དོན་ལ། སུད་སིའི་གྲོང་ཁྱེར་(Geneva)རུ་ཕྱི་ཚེས་༡༣ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ཆེད་མཁས་པ་ཚོས་མ་འོངས་པའི་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་རྒྱ་ནག་གིས་ཐེ་བྱུས་བྱེད་རྩིས་ཡོད་པ་དང་། ཕྱི་ལོ་༡༩༩༥ ལོར་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༦ ལ་ཕེབས་སྐབས། བཙན་ཁྲིད་བྱས་ཏེ་ལོ་ངོ་༣༠ ཙམ་རིང་གར་ཡོད་གནས་ཚུལ་མེད་པར་བཟོས་པའི་གནས་སྟངས་ཐད་བློ་འཚབ་ཆེན་པོ་ཡོད་པའི་ཉེན་བརྡ་བཏང་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ལྔས་ཕྱི་ལོ་༢༠༢༥ ཟླ་༧ ཚེས་༡༥ ཉིན་རྒྱ་ནག་གཞུང་ལ་ཡི་གེ་ཞིག་བཏང་བའི་ནང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དབང་བསྒྱུར་བྱས་ནས། མགོན་པོ་གང་ཉིད་ཀྱི་མ་འོངས་ཡང་སྲིད་དངོས་ལ་བརྩི་མེད་གཏོང་རྒྱུའི་སྲིད་བྱུས་དང་ཁྲིམས་ལུགས་ལག་བསྟར་བྱེད་འཆར་ཡོད་པར་བློ་འཚབ་ཆེན་པོ་ཡོད་སྐོར་བརྗོད་འདུག
ཡི་གེ་དེའི་ནང་རྒྱ་ནག་གི་ཕྱི་ལོ་༢༠༠༧ ལོའི་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་དོ་དམ་བྱ་ཐབས་ཞེས་པ་དེ་དང་། ཕྱི་ལོ་༢༠༡༧ ལོའི་ཆོས་ལུགས་ལས་དོན་སྒྲིག་གཞི་ཞེས་པའི་ནང་། སྤྲུལ་སྐུ་ཚང་མའི་ཡང་སྲིད་ལ་གཞུང་གི་ཆོག་མཆན་དགོས་པ་དང་། གཞུང་གི་ཆོག་མཆན་མེད་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་ངོས་འཛིན་བྱ་རྒྱུ་བཀག་འགོག་བྱས་ཡོད་པ་གསལ་འདོན་བྱས་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་དེ་ལྟ་བུའི་བྱ་ཐབས་ནི་བོད་མི་ཚོའི་ཆོས་དད་རང་མོས་ཀྱི་ཐོབ་ཐང་ལ་གཉའ་གནོན་གཏོང་བ་དང་། གལ་སྲིད་མ་འོངས་པ་རྒྱ་ནག་གིས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་བསྐོ་བཞག་བྱས་པ་ཡིན་ན། རིག་གཞུང་གི་རྒྱབ་ལྗོངས་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ། བོད་མིའི་སྤྱི་ཚོགས་ཀྱི་ལམ་ལུགས་བཅས་ཀྱི་ངོ་བོ་མེད་པ་ཆགས་རྒྱུའི་ཉེན་བརྡ་བཏང་འདུག ཁོང་ཚོས་རྒྱ་ནག་གི་ཁྲིམས་དེ་ཚོ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཀྱི་སྒྲིག་གཞི་དང་འགལ་གྱི་ཡོད། དཔེར་ན། དབྱེ་འབྱེད་བཀག་བསྡོམས་དང་། ཁྲིམས་ཀྱི་མདུན་དུ་གང་ཟག་རེ་ཡིན་པ་ངོས་འཛིན་དང་དབྱེ་འབྱེད་མེད་པའི་སྒོ་ནས་སྲུང་སྐྱོབ་ཀྱི་ཐོབ་ཐང་། བསམ་བློ་དང་ཆོས་དད་རང་དབང་གི་ཐོབ་ཐང་། བསམ་ཚུལ་དང་སྨྲ་བརྗོད། རིག་གཞུང་གི་བྱ་བར་སྤྱོད་པའི་རང་དབང་བཅས་ཡོད།
ད་དུང་ཆེད་མཁས་པ་ཚོས་རྒྱ་ནག་གི་ཁྲིམས་ལུགས་འདི་དག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ཀྱི་གཏན་འབེབས་དང་འགལ་བ་ཡིན་པ་དང་། རྒྱ་ནག་གིས་མིང་རྟགས་བརྒྱབ་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག དཔེར་ན་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་ཁྲིམས་ཡིག་ (ICCPR) དང་། དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་ཁྲིམས་ཡིག་ (ICESCR) བཅས་དང་འགལ་བ་ཡིན་སྐོར་གསལ་འདོན་བྱས་འདུག
ཆེད་མཁས་པ་ཚོས་སྤྱི་ལོ་༡༩༩༥ ལོའི་ཟླ་༥ པར་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་ཁོང་གི་ནང་མི་དང་བཅས་པ་བཙན་ཁྲིད་བྱས་པ་ནས་བཟུང་། ད་བར་ལོ་ངོ་༣༠ ཙམ་སོང་ཡང་གར་ཡོད་གནས་ཚུལ་ཤེས་རྟོགས་མེད་པའི་གནས་སྟངས་ཐད་གསལ་བཤད་དགོས་པའི་འབོད་སྐུལ་བསྐྱར་དུ་བྱས་འདུག རྒྱ་ནག་གཞུང་གིས་ཁོང་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་བཞིན་ཡོད་ཅེས་ཡང་ནས་ཡང་དུ་བརྗོད་བཞིན་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་བར་རང་དབང་ལྡན་པའི་བདེན་དཔང་གང་ཡང་ཐོབ་མེད་སྐོར་བརྗོད་འདུག ཆེད་མཁས་པ་ཚོས་བཙན་དབང་ཐོག་ནས་ཁོང་གི་སྐོར་གནས་ཚུལ་མེད་པར་བཟོ་བའི་བྱ་ངན་འདི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་བཀག་འགོག་བྱས་པའི་ནག་ཉེས་ཡིན་པ་དང་། འདི་ནི་བཀག་འགོག་བྱེད་པའི་ཁྲིམས་ལུགས་ནང་གཏན་འབེབས་གསལ་པོ་ཡིན་ཞེས་བརྗོད་དེ། རྒྱ་ནག་གཞུང་ལ་ཁོང་གི་བདེ་ཐང་དང་། གནས་ས། འཚོ་བའི་གནས་སྟངས་བཅས་ཀྱི་སྐོར་ལ་ཞིབ་ཕྲའི་གནས་ཚུལ་སྤྲོད་དགོས་པའི་འབོད་སྐུལ་ནན་པོ་བྱས་འདུག
དེ་བཞིན་༧གོང་ས་མཆོག་དགུང་གྲངས་༩༠ ལ་མ་ཕེབས་གོང་ཕྱི་ཟླ་༧ ཚེས་༢ ཉིན་ཡང་སྲིད་ངོས་འཛིན་སྐོར་བཀའ་ཡིག་ཅིག་ཕེབས་ཡོད་པ་དང་། བཀའ་ཡིག་དེ་ནང་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཀྱི་འགན་ཆ་ཚང་དགའ་ལྡན་ཕོ་བྲང་ཁོ་ན་ལ་ཡོད་པ་ལས་གཞན་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད་ཅེས་པའི་གསལ་བསྒྲགས་སྤེལ་རྗེས། ཉིན་དེར་(Geneva)ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་དུ་དབྱིན་ཡུལ་གཞུང་ཚབ་ཀྱིས་བོད་ཀྱི་ཆོས་དད་རང་དབང་དང་འབྲེལ་བའི་མཐོ་རིམ་ཟུར་ཚོགས་ཤིག་གོ་སྒྲིག་གནང་བའི་ཐོག་བོད་པའི་ནང་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་ཆོག་པའི་ཐོབ་ཐང་སྐོར་གྲོས་བསྡུར་གནང་ཡོད།
ཟུར་ཚོགས་དེའི་སྐབས་དབྱིན་ཡུལ་གཞུང་ཚབ་པ་(Simon Manley)དང་། ཆོས་དད་རང་མོས་ཀྱི་དམིགས་བསལ་སྐུ་ཚབ་དང་དབྱིན་ཇིའི་གྲོས་ཚོགས་འཐུས་མི་(David Smith)། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་མོས་སྐོར་གྱི་དམིགས་བསལ་སྐུ་ཚབ(Nazila Ghanea )། (Geneva)རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་དང་། ཁེ་ན་ཌར་གནས་སྡོད་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་འཆི་མེད་ལྷ་མོ་བཅས་ཀྱིས་རྒྱ་ནག་གི་ཁྲིམས་ལུགས་དེ་དག་ནི་བོད་མིའི་ཆོས་དད་རང་དབང་ལ་གནོད་སྐྱོན་གཏོང་བ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བ་ཡིན་པས། ཁྲིམས་ལུགས་དེ་དག་མེད་པ་བཟོ་དགོས་པའི་འབོད་སྐུལ་གནང་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་གཏན་འབེབས་གནང་བའི་མཉམ་འབྲེལ་འབྲེལ་གཏུག་ལ་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་དགའ་བསུ་ཞུས་ཏེ་རྒྱ་ནག་གིས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱེད་པ་དེས་བོད་མིའི་ཆོས་དད་རང་དབང་དང་ངོ་བོར་དོ་ཕོག་འགྲོ་བཞིན་ཡོད་སྐོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་རྒྱ་ནག་གིས་ཐོབ་ཐང་དེ་དག་བརྩི་མེད་རྡོག་རོལ་གཏོང་བཞིན་པ་རྣམས་ཐེར་འདོན་གནང་བ་ནི་བདེན་པ་ཡིན་པ་དང་། རྒྱ་ནག་གིས་བསྐོ་བཞག་བྱས་པའི་གང་ཟག་ལ་བོད་མིའི་ཆེད་ཁྲིམས་མཐུན་ནམ་ཡང་མིན་ཞེས་གསུངས་འདུག དེ་བཞིན་ལོ་ངོ་ ༣༠ རིང་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་པ་ནི་ཁོང་གི་ནང་མི་དང་བོད་མི་ཡོངས་ལ་མཚོན་ན་ཡིད་སྐྱོའི་གནས་སྟངས་ཤིག་ཡིན་པ་དང་། རྒྱ་ནག་གིས་དེའི་ཐད་ནས་འགན་འཁྲི་དགོས་པ་དང་། བོད་མི་ཚོ་ལ་ཕྱིའི་ཐེ་བྱུས་མེད་པ་སྒོ་ནས་རང་གི་ཆོས་ཕྱོགས་ཀྱི་མི་རང་ཐག་རང་གཅོད་གི་ཐོབ་ཐང་དགོས་པ་བརྗོད་འདུག
གཞུང་འབྲེལ་གྱི་ཡི་གེ་དེ་ཉིན་གྲངས་དྲུག་ཅུའི་ངེས་སྒྲིག་དུས་ཡུན་རྫོགས་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་རྒྱའི་ཐོག་འགྲེམས་སྤེལ་གནང་ཡོད་པ་དང་། ཡི་གེ་འདིའི་ནང་རིག་གཞུང་གི་ཐོབ་ཐང་སྐོར་གྱི་དམིགས་བསལ་སྙན་སྒྲོན་པ(Alexandra Xanthaki)དང་(Gabriella Citroni)། སྨྲ་བརྗོད་རང་དབང་སྲུང་སྐྱོབ་སྐོར་གྱི་དམིགས་བསལ་སྙན་སྒྲོན་ཞུ་པ(Irene Khan)། གྲངས་ཉུང་མི་རིགས་ཀྱི་གནད་དོན་སྐོར་གྱི་དམིགས་བསལ་སྙན་སྒྲོན་པ(Nicolas Levrat)། ཆོས་དད་རང་མོས་སྐོར་གྱི་དམིགས་བསལ་སྙན་སྒྲོན་པ(Nazila Ghanea )བཅས་ཀྱིས་མིང་རྟགས་བཀོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།