རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་སྐུ་ཚབ་ལ་རྒྱ་ནག་ཁྲོས་པ།

ཟླ་འདིའི་ཚེས་༡༡ ཉིན་སུད་སིའི་ཇེ་ནི་ཝ་གྲོང་ཁྱེར་དུ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་༡༠ ཡིས། རྒྱ་ནག་གི་བཙོན་ཁང་ནང་དུ་ཚེ་བཙོན་གྱི་ཁྲིམས་ཆད་འོག་ལ་ཡོད་པའི། ཡུ་གུར་བ་སློབ་དཔོན་ཨི་ལམ་ཊོ་ཧི་ཊིར་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་འཚོགས་ཡོད་པ་དང་། དེ་གར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་ཛེ་དེ་(Zeid Ra’ad al Hussein) མཉམ་ཞུགས་བྱས་ནས། ཚོགས་ཞུགས་པ་རྣམས་ལ་གཏམ་བཤད་བྱས་ཡོད་པ་རེད་འདུག

ཟླ་འདིའི་ཚེས་༡༢ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། སྐུ་ཞབས་ཛེ་དེ་ཡིས་དངོས་ཡོད་གནས་ཚུལ་སྣང་མེད་བཏང་ནས། བདེན་པ་དང་རྫུན་མ་དབྱེ་བ་འབྱེད་མ་ཐུབ་པར། ཁ་བྲལ་རིང་ལུགས་པའི་ང་རྒྱལ་སྤར་ཡོད་སྐོར་དང་། “དེ་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཚབས་ཆེན་ཞིག་རེད། དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱས་པ་རེད་”ཅེས་བརྗོད་ཡོད་འདུག དེ་བཞིན་ཁོང་གིས་རྒྱལ་སྤྱིའི་ནང་རྒྱ་ནག་མི་མང་ལ་ནག་ཉེས་བྱེད་མཁན། འཇིགས་སྐུལ་རིང་ལུགས་པ་ལ་སྣང་མེད་གཏོང་མཁན་རིགས་གཅིག་ཡོད་པ་དང་། དེ་ཚོས་འཇིགས་སྐུལ་རིང་ལུགས་པ་དེར་འགྲོ་བ་མིའི་ཐོབ་ཐང་གི་མིང་ཐོག་ནས་སྲུང་ཐབས་བྱེད་ཀྱི་ཡོད་པས། དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམ་སྒྲིག་ལ་འཕྱ་སྨོད་དང་། སྨད་ར་བྱས་པ་ཡིན་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།