རྒྱལ་ཚོགས་ཀྱི་འགྲོ་སྟངས་ཤེས་པའི་ཐོག་ནས་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་ཟེར།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སུད་སའི་དང་ལིག་ཊན་སི་ཊན་བོད་རིགས་མི་མང་གི་གོ་སྒྲིག་འོག རྒྱལ་ཁབ་དེའི་མངའ་སྡེ་ཚང་མར་གནས་སྡོད་བོད་མི་༧༠༠ ཙམ་ཞིག་རྗེ་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་མདུན་ནས། རྒྱལ་ཚོགས་མདུན་བར་དུ་གོམ་བགྲོད་ཀྱིས་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པར་རྒྱལ་ཚོགས་སུ་ཞུ་གཏུགས་ངོ་རྒོལ་སྐད་འབོད་བྱས་སོང་།

IMG_0435དེ་རིང་གི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སུད་སིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་གཙོས། ཡུ་རོ་བོད་ཀྱི་སྤྱི་འཐུས་ལས་ཐོག་བཀྲས་མཐོང་དབང་པོ། དེ་བཞིན་བུད་མེད་ཚོགས་པའི་སྐུ་ཚབ་དང་གཞོན་ནུའི་སྐུ་ཚབ།  སྤྱི་ཟུར་ཁག་ཅིག་དང་ད་ལྟའི་སུད་སི་དང་ལིག་ཊན་སི་ཊན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས་སོགས་ཕེབས་ཡོད་པ་རེད།

སྐབས་དེར་བོད་རིགས་མི་མང་གི་ཚོགས་གཙོས་ལས་འགུལ་འགོ་འཛུགས་ཀྱི་གསུང་བཤད་གནང་དོན། སུད་སིའི་བོད་རིགས་མི་མང་གིས་དེ་རིང་འདི་ལྟར་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ནི་བོད་ནང་གི་བོད་མི་ཚོར་རྒྱལ་ཚོགས་ཀྱི་ཡིག་ཆར་བཀོད་ཡོད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་རྒྱུ་མཚན་རེད་ཅེས། སུད་སི་དང་ལིག་ཊན་སི་ཊན་བོད་རིགས་མི་མང་གི་ལོ་གཅིག་གི་ལས་འགུལ་ངོ་སྤྲོད་དང་ལས་འགུལ་གྱི་སྐབས་སུ་ས་གནས་མི་མང་གིས་ངེས་པར་ལས་འགུལ་གང་དེའི་ཆ་ཤས་ལེན་ཐུབ་པའི་འབོད་སྐུལ་ཡང་གནང་སོང་།

དེ་བཞིན་ཁོང་གིས། སུད་སིའི་ཁུལ་དུ་གནས་སྡོད་ཁྱིམ་ཚང་ལྔའི་ཟླ་རེར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་བ་སྟག་ཚང་དཀོན་མཆོག་གཙོས་པའི་ཁྱིམ་ཚང་རྣམས་ལ་ཐུགས་རྗེ་ཆེ་ཞུས་སོང་།

indexདོན་གཅོད་དངོས་གྲུབ་རྡོ་རྗེས་གསུང་བཤད་གནང་དོན། “དེ་རིང་ནི་༧གོང་ས་མཆོག་ལ་འཛམ་གླིང་གི་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་པའི་དགའ་འོས་པའི་ཉི་མོ་ཡིན་ལ། རླབས་ཆེ་བའི་ཚོགས་པ་དེས་༧གོང་ས་མཆོག་ལ་ཁོང་ཚོའི་གཟེངས་རྟགས་ཕུལ་བ་དེར་ཁོང་རང་ཚོའི་ཆེ་མཐོང་ལ་ཡང་ཕན་ཐོགས་ཆེན་པོ་ཞེ་དྲགས་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་ང་ཚོར་འདིར་དངོས་སུ་འཛོམས་དགོས་པའི་རྒྱུ་མཚན་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གསལ་བསྒྲགས་གནང་ནས་མི་ལོ་དྲུག་བཅུ་རེ་བདུན་འགྲོ་གི་ཡོད་པ་རེད། དུས་དེ་ནས་རྒྱལ་ཁབ་མང་པོ་དང་མི་རིགས་མང་པོར་བསྒྲགས་གཏམ་དེས་ཕན་ཐོགས་ཆེན་པོ་ཞེ་དྲགས་བྱུང་ཡོད་པ་རེད། ཡིན་ན་ཡང་ང་ཚོའི་བོད་ནང་བོད་མི་ཚོར་བསྒྲགས་གཏམ་ནང་གི་དོན་ཚན་གཅིག་ཀྱང་ལག་ལེན་གྱི་གོ་སྐབས་རག་མེད་པའི་རྒྱུ་མཚན་གྱི་ང་ཚོས་དེ་རིང་འདིར་སྨྲེ་སྔགས་འདོན་གྱི་ཡོད་པ་རེད། དེ་རིང་བོད་མི་གནས་སའི་ས་གནས་གང་དུ་ཡིན་ན་ཡང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་འདི་བརྩི་སྲུང་བྱེད་བཞིན་ཡོད་པ་རེད། ལ་དགས་དང་བྱང་ཐང་སོགས་སུ་ཀྱང་བོད་པའི་གནད་དོན་གྱི་ཆེད་དུ་ལས་འགུལ་སྤེལ་ནས་དེའི་སྙན་ཞུ་དེ་ཐབས་ལམ་སྣ་ཚོགས་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ཁག་ཏུ་སྤྲོད་ཐབས་བྱས་ནས་ང་ཚོའི་མདུན་གྱི་ལས་ཁུངས་འདིར་འཕྲོད་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། ང་ཚོ་ཡིན་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་འདིའི་འཁྲིས་ལ་ཡོད་པ་རེད། ཆུ་ཚོད་ཁ་ཤས་ཤིག་སོང་བ་ཡིན་ན་རྒྱལ་ཚོགས་ཀྱི་མདུན་ལ་སླེབས་ཀྱི་ཡོད་པ་རེད། འདི་འདྲའི་རྒྱལ་ཚོགས་ཀྱི་འཁྲིས་ལ་ཡོད་མཁན་རྣམས་ཀྱིས་ཤུགས་ཡག་པོ་ཞིག་རྒྱག་ཐུབ་ན་ནུས་པ་ཐོན་གྱི་ཡོད་པ་རེད་”ཅེས་དང་།

ཁོང་གིས་མུ་མཐུད་ཚང་མ་ལས་འགུལ་ནང་མཉམ་ཞུགས་དགོས་སྐོར་གསུང་དོན། “རྒྱལ་ཁབ་འདིར་ཡོད་པའི་བོད་མིའི་མི་འབོར་ལ་གཞིགས་ན་དེ་རིང་ཡོང་ཡོད་མཁན་ཧ་ཅང་ཉུང་ཉུང་རེད། འདིའི་སྐོར་ལ་ང་ཚོས་བསམ་བློ་ཡག་པོ་ཞིག་ཡིན་གཅིག་མིན་གཉིས་གཏོང་དགོས་ཀྱི་འདུག ཕྱོགས་ཡོངས་ཀྱི་བོད་མིའི་ནུས་པ་གཅིག་ཏུ་སྤོངས་ནས་བོད་དོན་ལ་ཕན་པའི་ལས་ཀ་ཞིག་བྱ་དགོས་པ་རེད་པ་གཏོགས། འཛམ་གླིང་རྒྱལ་ཁབ་གཞན་པ་དག་ལ་རེ་བ་བརྒྱབ་ནས་འདུག་པའི་སྐབས་ཤིག་མིན་པ་གསལ་པོ་ཤེས་དགོས་རེད། ང་ཚོར་ཡོང་ནས་སྐད་འབོད་བྱེད་པ་དེས་ནུས་པ་གང་ལ་གང་འཚམས་ཤིག་ཐོན་གྱི་ཡོད་པ་རེད། རྒྱལ་ཁབ་རིམ་པའི་མཐོ་རིམ་དཔོན་རིགས་ཚོར་རྒྱ་ནག་གི་དཔོན་རིགས་ཚོར་མཇལ་དུས་བོད་དོན་གླེང་པ་དེ་ཚང་མ་ང་ཚོས་རྒྱལ་ཚོགས་དང་རྒྱལ་ཁབ་རིམ་པར་ཞུ་གཏུགས་ཀྱིས་འབྲས་བུ་རེད་བསམ་གྱིན་ཡོད། དེ་བས་ང་ཚོས་ནང་ཁུལ་གྱི་རྙོག་གླེང་ལ་མགོ་མ་འཁོར་བར་བོད་པ་ཚོས་སྔར་ལས་ལྷག་པའི་བོད་ཀྱི་རྩ་དོན་ལ་རྡོག་རྩ་གཅིག་སྒྲིལ་ངང་ཤུགས་གནོན་རྒྱག་དགོས་ཀྱི་འདུག་བསམ་གྱི་ཡོད་”ཅེས་གསུངས་སོང་།

index1དེའི་རྗེས་ཡོ་རོབ་ཁུལ་གྱི་སྤྱི་འཐུས་ལས་ཐོག་བཀྲས་མཐོང་དབང་པོས་གསུང་དོན། “དེ་རིང་ང་ཚོར་འདིར་རྒྱལ་ཚོགས་ཀྱི་མདུན་དུ་འཛོམས་དུས་ང་ཚོའི་བོད་ནང་གི་གནས་སྟངས་ལ་བསམ་ཞིབ་བྱེད་དགོས་ཀྱི་ཡོད་པ་རེད། འདིར་ང་ཚོས་གཅིག་ནས་རྒྱལ་ཚོགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཞུ་གཏུགས་དང་ཕྱོགས་གཞན་ཞིག་ནས་བོད་ནང་དུ་ང་ཚོ་ནམ་ཡང་ཁྱོད་ཚོའི་མཉམ་དུ་ཡོད་ཅེས་པའི་བརྡ་ལན་ཞིག་སྤྲོད་དགོས་པ་རེད། ང་ཚོར་འདིར་འཛོམས་དུས་ག་དུས་ཡིན་ན་ཡང་རྒྱལ་ཚོགས་ལ་ཁྱོད་ཚོ་གང་དུ་ཡོད་དང་གཉིད་སད་ཤོག་ཅེས་པའི་སྐད་འབོད་ཀྱི་ཚིག་དེ་དག་ནོར་བ་རེད་བསམ་གྱི་ཡོད། རྒྱུ་མཚན་རྒྱལ་ཚོགས་ཀྱི་ནང་དུ་ང་ཚོར་རྒྱབ་སྐྱོར་མཁན་མང་པོ་ཡོད་པ་རེད། ང་ཚོ་ལ་དཀའ་ངལ་སྤྲོད་མཁན་རྒྱ་ནག་གཞུང་རེད། ད་ལྟའི་དུས་སུ་ང་ཚོ་རྒྱལ་ཚོགས་ནང་དུ་སོང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་མིས་བོད་ལ་དཀའ་ངལ་སྤྲོད་པ་ར་སྤྲོད་བྱེད་རྒྱུ་གོ་སྐབས་བྱུང་ཡོད་པ་རེད། ང་ཚོའི་རྒྱལ་ཚོགས་ཀྱི་འགྲོ་སྟངས་ལ་རྒན་གཞོན་རྣམས་ཀྱིས་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་ནུས་པ་གོང་འཕེལ་གཏོང་དགོས་པར་སྒེར་ངོས་ནས་དོ་སྣང་ཡོད་ལ། དེའི་ཆེད་དུ་རོགས་པ་ཅི་ལྟར་གནང་དགོས་ཀྱང་གྲ་སྒྲིག་ཡོད་ཟེར། བོད་ཀྱི་གནམ་གཤིས་ཀྱི་འགྱུར་བའི་རྐྱེན་གྱིས་འབྲོག་པའི་འཚོ་གནས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་སོགས་ཀྱི་ཐད་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་གླེང་ཐབས་ཡོད་པ་རེད་བསམ་གྱི་འདུག་”ཅེས་གསུངས་སོང་།

དེ་ནས་རིམ་བཞིན་ཡོ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་སུད་སིའི་བུད་མེད་ལྷན་ཚོགས། དེ་བཞིན་སུད་བོད་མཛའ་འབྲེལ་ཚོགས་པ་སོགས་ཀྱི་སྐུ་ཚབ་ཀྱིས་རང་རང་གི་ཚོགས་པའི་གཏམ་བཤད་གནང་སོང་།

མཐར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ལས་འགུལ་དེར་རྒྱབ་སྐྱོར་རྣམ་པའི་མི་མང་ལྷན་འཛོམས་ཀྱི་འདྲ་པར་ཞིག་ཀྱང་སྒྲོན་སོང་།།

ས་གནས་གསར་འགོད་པ་རྡོ་སྦིས་ཀླུ་རྒྱལ།