རྒྱལ་ཚོགས་སུ་༧གོང་ས་མཆོག་གཙོས་ཆོས་ལུགས་ཁག་གི་དབུ་ཁྲིད་འདེམས་པར་སྲིད་གཞུང་ཁག་གི་ཐེ་བྱུས་བྱེད་མི་རུང་ཞེས་བརྗོད་འདུག

ཨོ་སི་ཊི་ལི་ཡའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༦༠ པའི་ཐོག བོད་དོན་གླེང་སློང་དང་། སྲིད་གཞུང་ཁག་གིས་༧གོང་ས་མཆོག་གཙོས་ཆོས་ལུགས་ཁག་གི་དབུ་ཁྲིད་འདེམས་རྒྱུར་ཐེ་བྱུས་བྱེད་མི་རུང་ཞེས་བརྗོད་འདུག
ཕྱི་ལོ་༢༠༢༥ ཟླ་༩ ཚེས་༢༣ ཉིན། ཨོ་སི་ཊི་ལི་ཡའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་གཏན་འཇགས་འཐུས་མི་ལྕམ་སྐུ་ཝལ་ཤི་༼Walsh༽ མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༦༠ པའི་ཐོག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་དང་། ༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོར་ཐེ་བྱུས་བྱེད་པར་བློ་འཚབ་ཡོད་སྐོར་བརྗོད་འདུག

པར། བོད་མིའི་སྒྲིག་འཛུགས།

གསུང་བཤད་ཀྱི་ནང་། སྲིད་གཞུང་ཁག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་ལུགས་སྲོལ་དང་མཐུན་པ་བྱ་དགོས་པ་དང་། སྲིད་གཞུང་ཁག་གིས་༧གོང་ས་མཆོག་གཙོས་པའི་ཆོས་ལུགས་ཁག་གི་དབུ་ཁྲིད་འདེམས་རྒྱུར་ཐེ་བྱུས་བྱེད་མི་རུང་ཞེས་བརྗོད་འདུག
རྩ་བའི་ཕྱི་ཟླ་༩ པའི་ནང་། ཨོ་གླིང་དུ་བོད་དོན་ཞུ་གཏུག་གི་ཉིན་མོ་དང་བསྟུན། ཨོ་གླིང་དུ་རྟེན་གཞི་བྱས་པའི་བོད་དོན་ལྷན་ཚོགས་དང་། མངའ་སྡེ་ཁེན་བྷེ་ར། གནས་མཁར་གསར། སིཌ་ཎི། ཁུན་སི་ལེནྜ། ཝིག་ཊོ་རི་ཡ་བཅས་ནས་གཞོན་སྐྱེས་༡༥ མཉམ་འཛོམས་ཀྱིས་ཆབ་སྲིད་ཚོགས་པ་མི་འདྲ་བའི་ཨོ་གླིང་གྲོས་ཚོགས་ཀྱི་འཐུས་མི་༣༠ ཙམ་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་སྐབས།
ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་སུ་སན་ཊེམ་པལ་མན་༼Susan Templeman༽ གྱིས་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་དང་བསྟུན། ཨོ་གླིང་གཞུང་ནས་༸མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་ཐད་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་འཛམ་གླིང་གི་སྲིད་གཞུང་གཞན་གྱིས་ཐེ་བྱུས་བྱེད་པའི་དབང་ཆ་མེད་སྐོར་དང་། བོད་ཀྱི་སྲོལ་རྒྱུན་གྱི་ལམ་ལུགས་བརྒྱུད་ཡང་སྲིད་ངོས་འཛིན་བྱེད་དགོས་པའི་སྐོར་བརྗོད་འདུག
དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་སི་ཊེཕ་ ཧོཌ་ཇིན་སི་ མེ་༼Steph Hodgins-May༽ ཡིས་༧གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ནི་ཆོས་ཕྱོགས་ཀྱི་ལམ་ལུགས་སྲོལ་ལྟར་གནང་དགོས་པ་དང་འབྲེལ། ཨོ་གླིང་སྲིད་གཞུང་གིས་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གཞུང་གི་ཐེ་བྱུས་ལ་མཐའ་གཅིག་ཏུ་དགག་པ་གནང་དགོས་པའི་དགོས་འདུན་དང་། ཨོ་གླིང་དེ་བཞིན་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་དགོས་པ་ནི་ལས་འགན་ཞིག་ཡིན་པ་མ་ཟད། བོད་རྒྱའི་དཀའ་རྙོག་ནི་ད་ལྟའང་བསལ་རྒྱུ་ཡིིན་པ་མ་ཟད། གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་དགོས་པའི་སྐོར་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་ཨོ་གླིང་སྲིད་གཞུང་ནས་རྒྱ་གཞུང་ལ་ཤུགས་གནོན་སྤྲོད་དགོས་པའི་སྐོར་གླེང་ཡོད་འདུག
གཞན་ཡང་། གྲོས་ཚོགས་གོང་མའི་འཐུས་མི་ནིག་མེག་ཀིམ་༼Nick McKim༽ ཀྱིས་ཀྱང་རྒྱ་ནག་གཞུང་གིས་༸སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱེད་བཞིན་པའི་སྐོར་དང་འབྲེལ། རྒྱ་ནག་གཞུང་ནས་ངོས་འཛིན་བྱེད་པའི་མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་དེ་ཁྲིམས་མཐུན་མ་ཡིིན་པ་དང་། ལྷག་པར་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ལ་ཐེ་བྱུས་བྱེད་པ་ནི་དང་ལེན་བྱེད་ཐབས་མེད་པའི་སྐོར་ནན་བརྗོད་དང། ཁོང་གིས་ཨོ་གླིང་སྲིད་གཞུང་ནས་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་གསལ་བསྒྲགས་དང་རྒྱབ་སྐྱོར་གནང་རྒྱུ་དུས་ལ་བབ་ཡོད་པའི་སྐོར་བཅས་གསུངས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།