རྒྱལ་ཞེན་གྱི་རིན་ཐང་།
ང་ནི་རྒྱལ་ཞེན་གྱིས་འོས་མི་ལ་བསླངས་སོང་།

ངོ་མཚར་ཆེ་བའི་རྒྱལ་ཞེན་ལགས། ང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུང་། མ་ཟད་ངས་ཁྱེད་ལ་ཡིད་སྨོན་ཡང་ཤོར་སོང་། ཁྱེད་ནི་ང་ཚོ་ལ་ཧ་ཅང་གི་དགོས་མཁོ་ཆེ་ཡ། ད་ཁྱེད་ཕེབས་ཤོག
ཁྱེད་མེད་པས་ཆོལ་ཞེན་ལ་འབད་བརྩོན་དང་མི་དམངས་ལ་མགོ་སྐོར་ཡང་བཏང་སོང་ལ། གྲོང་རོགས་ཁྱིམ་མཚེས་ལ་འཁྲུག་རྩོད་དང་བཟའ་མི་བུ་ཕྲུག་ཀྱང་ཁ་འཐོར་ཡ་འཐོར་དུ་བཏང་སོང་། རྒྱལ་ཞེན་ལགས། ཁྱེད་མེད་པས་རང་གཞུང་ངོ་ལོག་དང་ནང་ཁུལ་ལ་འཁྲུག་རྩོད་ཀྱང་བསླངས་སོང་ལ། རང་བཙན་པའི་འཐབ་རྩོད་ལ་གནོད་ཤུགས་དང་སྡང་ཟུག་ཀྱང་བྱས་སོང་།
ཡ་མཚན་ཆེ་བའི་རྒྱལ་ཞེན་ལགས། ཁྱེད་མེད་ན་རང་དབང་རང་བཙན་ལ་བདག་པོ་མི་འདུག
ཁྱེད་ནི་ང་ཚོ་ལ་ཧ་ཅང་གི་དགོས་མཁོ་ཆེ་ཡ། ད་ཁྱེད་ཕེབས་ཤོག
ཁྱེད་མེད་པས་བླ་གྲྭ་ལ་དད་ལོག་དང་མཚན་སྨད་ཀྱང་བྱེད་དུ་བཅུག་སོང་ལ། རྒྱལ་གཅེས་པ་ལ་འབུར་འཇོམས་དང་ཁྲིམས་གཏུགས་ཀྱང་བྱས་སོང་། རྒྱལ་ཞེན་ལགས། ཁྱེད་མེད་པས་དྲང་བདེན་དང་ལྷག་བསམ་གྱི་རིན་ཐང་ཡང་བརླག་ཏུ་བཅུག་སོང་ལ། བླ་སྤྲུལ་གྱི་མཚན་སྙན་དང་ཆོས་སྐྱོང་སྲུང་མ་ཡང་བེད་སྤྱོད་ལོག་པར་བཏང་སོང་།
རིན་ཐང་ཆེ་བའི་རྒྱལ་ཞེན་ལགས། ཁྱེད་མེད་ན་དྲང་བདེན་དང་ལྷག་བསམ་ལ་རིན་ཐང་མེད། ཁྱེད་ནི་ང་ཚོ་ལ་ཧ་ཅང་གི་དགོས་མཁོ་ཆེ་ཡ། ད་ཁྱེད་ཕེབས་ཤོག
ཁྱེད་མེད་པས་དགོན་པའི་ཁྲིམས་སྒྲིག་དང་བླ་སློབ་ཀྱི་དམ་ཚིག་ཀྱང་བེད་སྤྱོད་ལོག་པར་བཏང་སོང་ལ།
གདན་སའི་མཚན་སྙན་དང་དགེ་འདུན་པའི་མཐུན་ལམ་ཡང་བརླག་ཏུ་བཅུག་ལ་ཉེ། རྒྱལ་ཞེན་ལགས།
ཁྱེད་མེད་པས་རྒྱལ་ཞེན་གྱི་སྙིང་སྟོབས་དེ་ཡང་ཆོལ་ཞེན་དང་ཕྱོགས་རིས་ལ་བསྒྱུར་སོང་ལ། མགོ་ཁྲིད་རེ་ཟུང་གྱིས། སྤྱི་སེམས་དང་དྲང་བདེན་གྱི་འགན་ཁུར་དེ་ཡང་། སྐྱག་རྫུན་དང་གཡོ་སྒྱུའི་བླ་མར་མཚན་སྨད་ཞུས་པའི་ངོ་བོ་རུ་བསྒྱུར་ཏེ་ཞྭ་མོ་ནག་པོ་གཡོགས་སོང་།
ཨེ་ཤི་རེ་ཁོ། རྒྱལ་ཞེན་ལགས། ཁྱེད་མེད་ན་དྲང་བདེན་ནི་འགྲོ་ས་མི་འདུག་ལ་གནས་ལུགས་ཀྱང་བཤད་ས་མི་འདུག ཁྱེད་ནི་ང་ཚོ་ལ་ཧ་ཅང་གི་དགོས་མཁོ་ཆེ་ཡ། ད་ཁྱེད་ཕེབས་ཤོག
ཁྱེད་ནི་གངས་ཅན་པའི་མཐུན་འབྲེལ་གྱི་འཆིང་ཐག་གཅིག་པོ་དེ་ཡིན་ལ། རང་བཙན་འཐབ་རྩོད་པའི་གསོན་ཤུགས་ཀྱི་ནུས་པའི་ཉིང་ཁུ་ཡང་ཡིན། རྒྱལ་ཞེན་ལགས། ཁྱེད་ནི་གཞིས་བྱེས་ཤི་གསོན་དང་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ཡིན་ལ། ང་ཚོ་གངས་ཅན་པ་ཡོངས་ལ་དགོས་མཁོ་ཆེ་བའི་དགོས་འདོད་ཀྱི་ནོར་བུ་ཡང་ཁྱེད་ཡིན།
རྒྱལ་ཞེན་ལགས། བཀའ་དྲིན་ཆེ། ཁྱེད་མེད་ན་བོད་རྒྱལ་ཁབ་ཆེན་པོའི་རྩ་དོན་འཐབ་རྩོད་ལ་ཡང་ནུས་པ་མེད་ལ། ཆོལ་གསུམ་གཅིག་སྒྲིལ་ཡང་དཀའ་ཡ། བོད་ཀྱི་ཆོས་དང་རིག་གཞུང་ནི་དེ་བས་ཀྱང་ག་ལ་ཡོད། ཁྱེད་ནི་ང་ཚོ་ལ་ཧ་ཅང་གི་དགོས་མཁོ་ཆེ། ད་ཁྱེད་ཕེབས་ཤོག དཀོན་མཆོག་མཁྱེན། རྒྱལ་བཅེས་པ། རྒྱལ་ལོ། བདེན་པ། རྒྱལ་ལོ། བོད། རྒྱལ་ལོ།
ཕྱི་ལོ ༢༠༢༦ ཟླ་༡ ཚེས ༩ ཉིན། གནས་མཆོག་རྡོ་རྗེ་གདན་ནས་བྲིས།
ཚིག་རྩོམ་པ་པོ་དང་། སྙན་ངག་གྱེར་འདོན་པ། སྐབས་༡༨ པའི་མདོ་སྟོད་སྤྱི་འཐུས་འོས་མི་བེ་རི་བཀྲ་ཤིས་དོན་འགྲུབ་ཡིན། ཐུགས་རྗེ་ཆེ།།
མཆན། གླ་ཡོད།
