རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐེངས་༢༨ པ་མཇུག་བསྒྲིལ།

ཟླ་འདིའི་ཚེས་ ༡༡ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་རྩེད་ཐང་དུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཐེངས་ ༢༨ པ་མཇུག་ལེགས་པར་བསྒྲིལ་སོང་།

སྐབས་དེར་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་ཀངྒ་རཱ་རྫོང་གི་རྫོང་དཔོན་སྐུ་ཞབས་ནི་པུན་ཇིན་ཌལ་ (Dr Nipun Jindal) གཙོས་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་བཀའ་དྲུང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང། རྡ་ས་གཙོ་བོར་གྱུར་པའི་ཕྱོགས་མཐའ་འདྲ་མིན་ནས་ཡོང་བའི་ལྟད་མོ་བ་ལྔ་སྟོང་ལྷག་ཕེབས་ཡོད་འདུག

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཐེངས་༢༨ པའི་མཐའ་མའི་འགྲན་བསྡུར་གྱི་ཐོབ་ཤོར་ནི། དོན་འགྲུབ་གླིང་རྐང་སྤོལ་རུ་ཁག་གིས་སྤོ་ལོ་གཅིག་དང་དྷ་ས་རྐང་སྤོལ་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་ལོ་འདིའི་རྩེད་འགྲན་གྱི་བྱ་དགའ་ཨང་དང་པོ་དེ་དྷ་ས་རྐང་སྤོལ་རུ་ཁག་ལ་ཐོབ་སོང་། འདས་པའི་ལོ་ངོ་༢༥ རྗེས་དྷ་ས་རྐང་སྤོལ་རུ་ཁག་ལ་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་པ་ཐོག་མ་དེ་ཆགས་ཡོད་འདུག ཐེངས་འདིའི་རྩེད་འགྲན་ཨང་དང་པོ་སོན་མཁན་ལ་བྱ་དགའ་ཧིན་སྒོར་འབུམ་གཉིས་དང་ཨང་གཉིས་པར་སོན་མཁན་ལ་འབུམ་གཅིག་དང་ཕྱེད་ཀའི་གསོལ་རས་གནང་སོང་།

དེ་བཞིན་ལོ་འདིའི་རྐང་སྤོལ་འགྲན་བསྡུར་གྱི་ཁྲོད། བོད་ཀྱི་ཟློས་གར་རྐང་སྤོལ་རུ་ཁག་གི་རྩེད་མོ་བ་བསྟན་འཛིན་ལྷག་པ་ལ་སྤོ་ལོ་མང་ཤོས་བླུག་མཁན་གྱི་བྱ་དགའ་དང་། དོན་འགྲུབ་གླིང་རྐང་སྤོལ་རུ་ཁག་གི་སྒོ་ར་བ་བསྟན་འཛིན་རབ་དགར་ལ་སྒོ་ར་བ་ཡག་ཤོས་ཀྱི་བྱ་དགའ་གནང་བ་མ་ཟད། དྷ་ས་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་ཚེ་རིང་ལ་རྩེད་འགྲན་པ་ཡག་ཤོས་དང་བོད་ཁྱིམ་རྐང་སྤོལ་རུ་ཁག་ལ་བཟང་སྤྱོད་ཡག་ཤོས་ཀྱི་རུ་ཁག་བཅས་ཀྱི་བྱ་དགའ་གནང་སོང་།

ཐེངས་འདིའི་རྩེད་འགྲན་ནང་བལ་ཡུལ་དང་རྒྱ་གར། ཡུ་རོབ་དང་ཨོ་སི་ཊི་ལི་ཡ་སོགས་ནས་རུ་ཁག་༡༦ མཉམ་ཞུགས་ཀྱིས་འདས་པའི་ཉིན་གྲངས་༡༡ རིང་རྩེད་འགྲན་༣༡ བརྩེས་ཡོད་པ་རེད།

 རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ནི། ཕྱི་ལོ་༡༩༨༡ ལོ་༧གོང་ས་མཆོག་གི་མ་ཡུམ་བདེ་སྐྱིད་ཚེ་རིང་ལགས་འདས་གྲོངས་སུ་ཕྱིན་པའི་རྗེས་སུ། རྒྱལ་ཡུམ་ཆེན་མོ་དྲན་རྟེན་གྱི་ཆེད་དུ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་རྩིས་པ་ཟུར་པ་(Joe) ཚེ་རིང་གིས་ཐོག་མར་འགོ་ཁྲིད་ནས་གོ་སྒྲིག་བྱས་པ་ཞིག་ཆགས་ཡོད་འདུག དུས་དེ་ནས་ད་ལྟའི་བར་དུ་རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༨ ཚོགས་ཐུབ་པ་བྱུང་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།