རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ཀྱིས་༧གོང་ས་མཆོག་ལ་རྒྱལ་སྤྱིའི་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་གནང་འདུག

རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ཀྱིས་༧གོང་ས་མཆོག་དང་། གཅེར་བུ་པའི་བླ་ཆེན་ཨ་ཅཱརྱ་ལོ་ཀེཤ་མུ་ནི། ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མྱོང་མཁན་པ་ཀི་སི་ཐན་གྱི་བུད་མེད་མ་ལ་ལ་ཡུ་ས་ཧྥི་རྫ་བཅས་ལ་རྒྱལ་སྤྱིའི་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་གནང་འདུག

པར། Global Governances

ཟླ་འདིའི་ཚེས་༨ ཉིན་༼Global Governances༽ ཞེས་པས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༨ ཚེས་༨ ཉིན། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ཀྱིས་གཟི་བརྗིད་ལྡན་པའི་རྒྱལ་སྤྱིའི་ཞི་བདེའི་གཟེངས་རྟགས་དེ། འཛམ་གླིང་ཡོངས་སུ་གྲགས་པའི་མི་སྣ་གསུམ་སྟེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་དང་། གཅེར་བུ་པའི་བླ་ཆེན་ཨ་ཅཱརྱ་ཌོག་ཊར་ལོ་ཀེཤ་མུ་ནི། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་པ་ཀི་སི་ཐན་གྱི་བུད་མེད་མ་ལ་ལ་ཡུ་ས་ཧྥི་རྫ་བཅས་ལ་འབུལ་རྒྱུའི་གསལ་བསྒྲགས་སྤེལ་འདུག

དེ་ཡང་ཕྱི་ལོ་༢༠༢༥ ཟླ་༨ ཚེས་༩ རེས་གཟའ་སྤེན་པའི་ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཧཱའེ་ཌི་༼Hyde Park༽ སྤྱི་གླིང་དུ། རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་བ་དང་འཛམ་གླིང་ཞི་བདེའི་ཆེད་རྒྱལ་སྤྱིའི་གོམ་བགྲོད་ཅེས། ཉི་ཧོང་གི་གྲོས་ཁྱེར་ནཱ་གཱ་སཱ་ཀིའི་ཐོག་རྡུལ་ཕྲན་མཚོན་ཆ་གཡུགས་ནས་ལོ་ངོ་༨༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོའི་གོང་དུ་གསལ་བསྒྲགས་དེ་སྤེལ་ཡོད་འདུག

གཟེངས་རྟགས་འདི་ནི་ཁོང་རྣམ་པས་སྐུ་ཚེ་གང་བོར་འཚེ་བ་མེད་པའི་ལམ་དང་། ཆོས་ལུགས་མཐུན་སྒྲིལ། དེ་བཞིན་ཤེས་ཡོན་དང་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དོན་དུ་འབད་བརྩོན་གནང་བར་ངོས་འཛིན་གྱིས་འབུལ་གྱི་ཡོད་པ་དང་།

རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ཀྱིས། ༧གོང་ས་མཆོག་གིས་སྐུ་ཚེ་གང་བོར་འཚེ་བ་མེད་པའི་ལམ་དང་། འཛམ་གླིང་ཞི་བདེ། ཀུན་ཁྱབ་བྱམས་བརྩེ་བཅས་ལ་མཛད་འཕྲིན་བསྐྱངས་པར་ཆེ་བསྟོད་ཀྱིས་འབུལ་གྱི་ཡོད་པ་དང་། གཅེར་བུ་པའི་བླ་ཆེན་ཨ་ཅཱརྱ་ཌོག་ཊར་ལོ་ཀེཤ་མུ་ནི་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་། སྤྱི་ཚོགས་བཅོས་བསྒྱུར། བཟང་སྤྱོད་ཀྱི་དབུ་ཁྲིད་བཅས་ལ་སྐུལ་འདེད་གནང་བར་ངོས་འཛིན་གྱིས་འབུལ་གྱི་ཡོད་པ། དེ་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གཞོན་ཤོས་པ་ཀི་སི་ཐན་གྱི་བུད་མེད་མ་ལ་ལ་ཡུ་ས་ཧྥི་རྫ་ཤེས་ཡོན་དང་། འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྐད་ཆ་བཤད་པ་དང་། དེ་བཞིན་མཐར་ལྷུང་རིང་ལུགས་པའི་མདུན་དུ་སྙིང་སྟོབས་ཆེན་པོས་ལངས་ཕྱོགས་བརྟན་པོ་བཟུང་བར་ཆེ་བསྟོད་ཀྱིས་འབུལ་གྱི་ཡོད་ཅེས་བརྗོད་འདུག

རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་གོམ་བགྲོད་ཀྱི་གོ་སྒྲིག་བྱེད་མཁན་འབུམ་རམས་པ་ཨ་ཌིཤ་སི་ཨག་གར་ཝ་ལ་༼Adish C, Aggarwala༽ མཆོག་གིས། འཛམ་གླིང་འདིར་འཁྲུག་རྩོད་ཇེ་ཆེར་འགྲོ་བ་དང་རྡུལ་ཕྲན་མཚོན་ཆའི་རྐྱེན་པས་འཚོ་གནས་ལ་ཉེན་ཁ་འཕྲད་བཞིན་པའི་དུས་སྐབས་འདིར། ང་ཚོས་འགྲོ་བ་མིའི་རིགས་ཀྱི་ཆེས་ལེགས་པའི་ཆ་མཚོན་པའི་བཟང་སྤྱོད་ཀྱི་དབུ་ཁྲིད་འདི་གསུམ་ལ་ཆེ་བསྟོད་ཞུ་རྒྱུར་སྤོབས་པ་སྐྱེ་ཡི་ཡོད་ཅེས་གསུངས་འདུག།

གཟེངས་རྟགས་དེ་ནི་ཧཱའེ་ཌི་སྤྱི་གླིང་དུ་མང་ཚོགས་འདུ་འཛོམས་ཀྱི་སྐབས་སུ་འབུལ་རྒྱུ་ཞེས་འཁོད་ཡོད་པ་དང་། མཛད་སྒོའི་ཐོག་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་དང་ནཱ་གཱ་སཱ་ཀིའི་ནང་རྐྱེན་འདས་སུ་གྱུར་པ་རྣམས་ལ་རྗེས་དྲན་གྱི་ཆེད་དུ་སྐར་མ་གཅིག་རིང་མྱ་ངན་གུས་འདུད་ཞུ་རྒྱུ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་སྤྱི་དམངས་ཚོགས་པའི་དབུ་ཁྲིད་མང་པོས་ལས་འགུལ་དེར་རྒྱབ་སྐྱོར་གནང་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།