རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་དང་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་བསྒྲགས་གཏམ།

བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་དང་། རྒྱལ་སྤྱི་དང་རྒྱ་ནག་ནང་གསར་འགོད་རང་དབང་མེད་པའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཟིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་རེད།
ལོ་ལྟར་ཕྱི་ཟླ་༥ པའི་ཚེས་༣ ཉིན་ནི་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་པ་དང་། དེ་ཡང་ཕྱི་ལོ་༢༩༩༣ ཟླ་བ་༥ ཚེས་༣ ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་གཏན་འབེབས་སྲུང་བརྩི་ཞུ་འགོ་བཙུགས་ཡོད་འདུག་ལ། ད་བར་མི་ལོ་༣༡ འཁོར་གྱི་ཡོད་འདུག དེ་བཞིན་བཙན་བྱོལ་དུ་ཕྱི་ལོ་༡༩༩༧ ལོར་བོད་ཀྱི་གསར་འགོད་མཐུན་ཚོགས་དབུ་བརྙེས་ནས་ད་བར་ལོ་ངོ་༢༧ འཁོར་གྱི་ཡོད་འདུག དེ་རིང་ཕྱི་ཚེ་ས་༣ ཉིན་གསར་འགོད་རང་དབང་ཉིན་མོ་དང་སྟབས་བསྟུན་ནས་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་ཞོགས་པར་བོད་ཀྱི་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་ཞུས་སོང་། ཐེངས་འདིའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་གཙོས་པའི་རྩོམ་སྒྲིག་པ་དང་གསར་འགོད་པ། དེ་བཞིན་ཚོགས་པ་གཞན་གྱི་ཉམས་ཞིབ་པ་སོགས་མཉམ་ཞུགས་གནང་འདུག སྐབས་དེ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོས་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་བསྒྲགས་གཏམ་སྒྲོག་སྦྱངས་གནང་བ་དང་། བསྒྲགས་གཏམ་ནང་དུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོའི་ནང་འཁོད་དོན་ལ། ཕྱི་ལོ་༡༩༩༣ ནས་དེ་རིང་བར་དམག་སའི་ཁྲོད་དང་། སྲིད་དབང་སྒེར་གཅོད་པ། ལྐོག་ཟ་རུལ་སུངས་སོགས་ཀྱི་ཁ་གཏད་དུ་ལང་མཁན་ཁྱོན་གསར་འགོད་པ་༡༦༦༩ ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག་ལ། རྒྱ་ནག་གཞུང་གིས་ད་བར་གསར་འགོད་པ་༡༢༣ ལྷག་ཙམ་འཛིན་བཟུང་བཀག་ཉར་དང་གར་སོང་ཆ་མེད་དུ་གྱུར་པ་དང་། མནར་གཅོད་དབང་གིས་འདས་གྲོངས་སུ་གྱུར་བ་སོགས་བྱུང་ཡོད་པས། ང་ཚོས་གསར་འགོད་པ་འདས་གྲོངས་སུ་གྱུར་པ་དག་གི་ཤུལ་ལུས་ནང་མི་ཚོ་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། ལྷག་པར་དུ་འཛམ་གླིང་ནང་དྲང་བདེན་མིན་པའི་ཁྲིམས་ཆད་ཕོག་མཁན། བཙོན་འཇུག་མནར་གཅོད་འོག་ཡོད་པའི་གསར་འགོད་པ་ཁྱོན་༣༢༠ ཚང་མ་འཕྲལ་དུ་ཀློད་བཀྲོལ་དགོས་པའི་འབོད་སྐུལ་ཡང་ཞུ་བཞིན་ཡོད་ཅེས་འཁོད་འདུག
དེ་བཞིན་སྐུ་མགྲོན་གཙོ་བོས་བོད་པའི་གསར་འགོད་པ་ཚོས་བོད་པའི་རྩ་དོན་ཆེད་དུ་ནུས་པ་འདོན་དགོས་པ་དང་། དམིགས་བསལ་བོད་དེ་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་ཡོད་པ་དེ་ངེས་པར་དུ་གསར་འགོད་པ་ཚོས་འགན་ཁུར་ནས་དྲིལ་བསྒྲགས་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་དྲང་བདེན་མིན་པའི་བྱ་སྤྱོད་དེ་ཚོ་གསལ་སྟོན་བྱེད་དགོས་པ་སོགས་བརྗོད་སོང་།

དེ་རྗེས་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་བསྟན་འཛིན་དཔལ་སྒྲོན་ལ་གསར་འགོད་པ་རྒན་པའི་གཟེངས་རྟགས་ཤིག་ཀྱང་ཕུལ་སོང་། དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་ནང་ཡོད་པའི་གསར་འགོད་རྣམ་པ་ཚོས་རྒྱལ་སྤྱིའི་འཁོར་ཡུག་ལ་དོ་སྣང་བྱེད་རྒྱུ་གལ་ཆེ་ཡིན་པ་དང་། འཁོར་ཡུག་གཏོར་བཤིག་བྱེད་བཞིན་པ་དག་སྲུང་སྐྱོབ་ཆེད་དུ་གསར་འགོད་པ་ཚོས་གནས་ཚུལ་གསལ་སྟོན་བྱེད་རྒྱུ་གལ་ཆེ་ཡིན་པར་བརྗོད་འདུག་ལ། དེ་ཡང་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་མི་མང་གནས་སྤོ་དགོས་འབྱུང་བཞིན་པ་དག་དང་། བཟོ་གྲྭ་ཚོས་འཁོར་ཡུག་གཏོར་གབཤིག ཁྲིམས་འགལ་ཐོག་ནས་གཏེར་ཁ་སྔོགས་འདོན། འབག་བཙོག རི་བདག་ཉོ་འཚོང་བྱེད་པ། ཤིང་གནས་གཅོད་བྲེག་སོགས་ཀྱི་གནད་དོན་དེ་དག་སྤྱི་ཚོགས་ནང་གླེང་སློང་ཡོང་ཐབས་ལ་གསར་འགོད་པ་ཚོས་འགན་འཁུར་བཞེས་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་གནང་འདུག དེ་བཞིན་སྤྱི་ཚོགས་ཁྲོད་སྲིད་དོན་པ་ཚོས་སྤྱི་ཚོགས་སྤྱི་ཡོངས་ཀྱི་གནད་དོན་ལ་དོ་སྣང་དང་འགན་འཁུར་བྱེད་ཆེད་གསར་འགོད་པ་ཚོས་གནད་ཚུལ་ཆ་ཚང་ཤེས་རྟོགས་བྱས་པའི་ཐོག་ནས་གསལ་སྟོན་བྱེད་རྒྱུ་དང་། སྤྱི་ཚོགས་ནང་འཁོར་ཡུག་འགྱུར་ལྡོག་ལ་བརྟེན་ནས་གོད་ཆག་འདྲ་མིན་འབྱུང་གི་ཡོད་པས། གོད་ཆག་ཁྲོད་བུད་མེད་དང་བྱིས་པ་། རྒན་འཁོགས་ཚོ་དཀའ་སྡུག་དམིགས་བསལ་མྱོང་གི་ཡོད་པར་བརྟེན། ཁོང་ཚོའི་དཀའ་སྡུག་གསལ་སྟོན་བྱེད་དགོས་པར་ཡང་བརྗོད་འདུག དེ་རིང་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོར་གསར་འགོད་པའི་རང་དབང་དང་འབྲེལ་བའི་དོན་ཚན་འགའ་ཤས་ཤིག་བཏོན་འདུག དེ་དག་ནི་རྒྱལ་སྤྱིའི་ནང་གསར་འགོད་རང་དབང་དང་འབྲེལ་བའི་རྩ་འཛིན་རྣམས་དྲན་གསོ་བྱེད་རྒྱུ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ནང་གསར་འགོད་རང་དབང་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པ། གསར་འགོད་པ་ཚོ་ལ་གཞན་གྱི་གནོད་ཤུགས་མི་ཡོང་བའི་ཆེད་དུ་སྲུང་སྐྱོབ་བྱེད་དགོས་པ། གཞན་ད་བར་གསར་འགོད་པ་སུ་འདྲ་ཞིག་རང་གི་ལས་འགན་འཁུར་བའི་སྐབས་སུ་ཚེ་སྲོག་ཤོར་བ་དག་རྗེས་དྲན་བྱེད་རྒྱུ་བཅས་དོན་ཚན་འགའ་ཤས་བཏོན་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།