རྒྱལ་སྤྱིའི་གླུ་པ་གཉིས་ཀྱིས་རྒྱ་ནག་ལ་ཟུར་ཟའི་གླུ་གཞས་ཤིག་བླངས་རྗེས། རྒྱ་ནག་གི་དྲ་ཐོག་ནས་ནག་བསུབ་བཏང་འདུག 

རྒྱལ་སྤྱིའི་གླུ་པ་གཉིས་ཀྱིས་རྒྱ་ནག་ལ་ཟུར་ཟ་བྱེད་པའི་གླུ་གཞས་ཤིག་བླངས་རྗེས། རྒྱ་ནག་གཞུང་གིས་ཁོང་གཉིས་ཀྱི་གླུ་གཞས་དང་དྲ་བྱང་(account) ཚང་མ་རྒྱ་ནག་གི་དྲ་བ་ནས་ནག་བསུབ་བཏང་ནས་ལྟ་ཉན་མི་ཐུབ་པ་བཟོས་ཡོད་འདུག 

མ་ལ་ཤི་ཡའི་གླུ་པ་ནཱ་མ་ཝི་(Namewee) དང་། ཨོ་སི་ཁྲུ་ལི་ཡའི་གླུ་མ་ཁམ་བྷར་ལེ་(Kimberley) གཉིས་ཀྱིས་བདུན་ཕྲག་གོང་མའི་རེས་གཟའ་པ་སངས་ཉིན་“Fragile” ལམ་“ཕོག་ཆོག་ཆོག”ཅེས་པའི་མཉམ་གཞས་ཤིག་དངོས་སུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་བཞག་ནས་ཉིན་གཉིས་ཀྱི་རྗེས་ཏེ།  རེས་གཟའ་ཉི་མའི་ཉིན་རྒྱ་ནག་གིས་ཁོང་གཉིས་ཀྱི་གླུ་གཞས་དེས་རྒྱའི་མི་མང་ལ་དམའ་འབེབས་བྱེད་ཀྱི་ཡོད་པས། ཁོང་གཉིས་རྒྱ་ནག་གི་དྲ་བ་ནས་ནག་བསུབ་བཏང་ནས་ལྟ་ཉན་མི་ཐུབ་པ་བཟོས་ཡོད་སྐོར་བཤད་འདུག 

དེ་རིང་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་སྟེ། གོ་ལའི་དུས་བབ་(Global Times) ཀྱིས་སྤེལ་བའི་གནས་ཚུལ་ནང་། ཟླ་འདིའི་ཚེས་༡༥ ཉིན་བཏོན་པའི་“བརྩེ་གཞས་དེའི་ངོ་གདོང་འོག་ཏུ་རྒྱ་ནག་མི་མང་ལ་དམའ་འབེབས་”དང་ཟུར་ཟའི་ཚིག་འདྲེས་ཡོད་པ་འགྲེལ་བརྗོད་བྱས་འདུག 

གོ་ལའི་དུས་བབ་ཀྱིས་གླུ་གཞས་དེའི་བརྙན་གྱི་རྒྱབ་ལྗོངས་ཟིང་སྐྱ་བཞག་པ་དང་། དོམ་ཁྲས་ཞབས་བྲོ་འཁྲབ་པ་དེས་རྒྱལ་ཞེན་གྱིས་སྨྱོ་བའི་རྒྱའི་ན་གཞོན་རྣམས་མཚོན་པའི་འགྲེལ་བརྗོད་བྱས་པའི་ཐོག གཞས་ཚིག་ནང་དུ་“རྒྱ་མི་རྣམས་ཁྱི་དང་། ཞི་མི། ཕ་ཝང་། སྟག་ཞིམ་(Civet) བཅས་ལ་དགའ་བའི་”སྐོར་བཀོད་པ་མ་ཟད།“ཤིང་ཅང་གི་བཙོན་ཁང་དང་བཙན་ཤེད་ཀྱི་ངལ་རྩོལ་”ཡང་གླེང་ཡོད་པས། རྒྱའི་མི་མང་གིས་འཕྲལ་དུ་གླུ་པ་གཉིས་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་། ཁོང་གཉིས་དང་འདྲ་བའི་སྒྱུ་རྩལ་བ་རྣམས་རྒྱ་ནག་ལ་དགའ་བསུ་ཞུ་རྒྱུ་མིན་ཚུལ་བཤད་ཡོད་ཚུལ་བཀོད་འདུག

སྒྱུ་རྩལ་བ་ཁོང་གཉིས་ཀྱི་གླུ་གཞས་གསར་པ་དེའི་ཁ་བྱང་ལྟར། རྒྱ་ནག་ནི་རྟག་ཏུ་“ཕོག་ཆོག་ཆོག་”ཡོད་ཅིང་། རྒྱལ་སྤྱིའི་གཞས་པ་དང་། གློག་བརྙན་འཁྲབ་སྟོན་མཁན། སྒྱུ་རྩལ་བ། རྩེད་མོ་བ། དེ་བཞིན་བཟོ་ཚོང་སུ་དང་གང་ཞིག་གིས་རྒྱ་ནག་གི་བཤད་སྲོལ་དང་འགལ་བའི་སྐད་ཆ་ཞིག་བཤད་པ་ཡིན་ན། འཕྲལ་དུ་དེ་ལ་སྐྱོན་བརྗོད་དང་བཀག་སྡོམ་(ban) བྱེད་རྐྱང་བྱེད་ཀྱི་ཡོད་པས། འདས་པའི་ལོ་ཤས་ནང་དུ་རྒྱལ་སྤྱིའི་གྲགས་ཅན་མི་སྣ་དང་བཟོ་ཚོང་ཁང་མི་ཉུང་བ་ཞིག་གིས་རྒྱ་ནག་ལ་དགོངས་སེལ་ཞུས་ཡོད། 

རྒྱ་ནག་གིས་ཁོང་གཉིས་ཀྱི་གླུ་གཞས་དང་དྲ་བྱང་ནག་བསུབ་བཏང་ན་ཡང་། མ་ལ་ཤི་ཡའི་གླུ་པ་ནཱ་མ་ཝི་(Namewee) ལ་ཡོའུ་ཊོབ་(Youtube) སྟེང་དུ་་རྗེས་འབྲང་བ་ས་ཡ་༣ ལ་ཉེ་བ་འདུག་ཅིང་། ཉིན་གསུམ་གྱི་ནང་ཚུན་དུ་ Fragile ཞེས་པའི་གཞས་གསར་དེར་ལྟ་ཉན་བྱེད་མཁན་ས་ཡ་ ༤ ལ་ཉེ་བ་དང་། མཆན་ཁྲི་ ༤ ལྷག་ཅིག་བྱུང་ཚར་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།