རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ཁྲོད་རྒྱ་ནག་དང་ཨུ་རུ་སུ་མཉམ་དུ་གནས་པ།
ཉེ་ཆར་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་སྐབས་སུ་ཨུ་རུ་སུ་དང་རྒྱ་ནག་གི་སྲིད་འཛིན་གཉིས་བར་ཐུག་འཕྲད་བྱས་ཡོད་པ་མ་ཟད། དེ་རིང་རྒྱལ་ཁབ་སོ་སོའི་གནད་དོན་ཆེད་སླར་ཡང་ཐུག་འཕྲད་བྱས་ཡོད་འདུག སྐབས་དེར་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་རྒྱ་ནག་དང་ཨུ་རུ་སུ་གཉིས་རྟག་ཏུ་མཉམ་དུ་ཡོད་ཅེས་བརྗོད་འདུག

ཕྱི་ཚེས་༢ ཉིན། བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར་རྒྱ་ནག་ནང་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུའི་སྐབས། རྒྱལ་ཁབ་མང་པོ་ཞིག་གི་འགོ་ཁྲིད་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགོ་ཁྲིད་སོགས་འགོ་ཁྲིད་མང་པོ་ཞིག་རྒྱ་ནག་ཏུ་འཛོམས་ཡོད་པ་དང་། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ཡང་ཚོགས་འདུ་ལ་མཉམ་ཞུགས་བྱས་ཡོད་འདུག
དེ་རིང་རྒྱ་ནག་གི་སྲིད་འཛིན་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ཀྱིས་རྒྱལ་ཁབ་སོ་སོའི་གནད་དོན་དང་འབྲེལ་སླར་ཡང་ཐུག་འཕྲད་བྱས་ཡོད་འདུག། སྐབས་དེར་སྲིད་འཛིན་པུ་ཊིན་གྱིས་རྒྱ་ནག་དང་ཨུ་རུ་སུ་གཉིས་རྒྱལ་སྤྱིའི་ཆབ་སྲིད་འགྱུར་གྲོས་ཁྲོད་རྟག་ཏུ་མཉམ་དུ་ཡོད་ཅེས་བརྗོད་ཡོད་འདུག
ཐོག་མའི་ཐུག་འཕྲད་སྐབས་སུ་སྲིད་འཛིན་པུ་ཊིན་གྱིས་ཞི་ཅིན་ཕིང་ལ་བཀུར་འོས་གྲོགས་པོ་ཞེས་འབོད་པ། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ནས་ཐོན་ཡོད་འདུག སྲིད་འཛིན་གཉིས་ཐུག་འཕྲད་སྐབས་སུ། ཨུ་རུ་སུའི་ཕྱོགས་ནས་རྒྱ་ནག་ལ་རླངས་རྫས་མཁོ་སྤྲོད་བྱ་རྒྱུ་དང་། རྒྱ་ནག་གི་ཕྱོགས་ནས་ཨུ་རུ་སུའི་མི་མང་རྣམས་ལ་ལོ་གཅིག་རིང་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་ཡོང་འཇུག་རྒྱུ་ཡིན་ཞེས་བརྗོད་འདུག
སང་ཉིན་རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་བར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་རྒྱ་ནག་དང་ཉི་ཧོང་བར་དམག་འཁྲུག་མཚམས་བཞག་ནས་མི་ལོ་༨༠ འཁོར་བའི་དུས་དྲན་ཡིན་འདུག་པས། དུས་དྲན་དེའི་ཐོག་ཏུ་བྱང་ཀོ་རི་ཡའི་སྲིད་འཛིན་ཡང་ཡོང་རྒྱུ་ཡིན་འདུག་ལ། ཉིན་དེ་རྒྱ་ནག་གིས་དམག་སྟོབས་སམ། གོ་མཚོན་བཤམས་སྟོན་ཆེན་པོ་ཞིག་བྱ་རྒྱུ་ཡིན་འདུག
ད་ལྟའི་ཆར་ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་རྒྱ་ནག་གི་དཔལ་འབྱོར་ལ་ཧ་ཅང་བརྟེན་ཡོད་པས། སང་ཉིན་བྱང་ཀོ་རི་ཡ་དང་། ཨུ་རུ་སུ། རྒྱ་ནག་བཅས་རྒྱལ་ཁབ་གསུམ་པོས་ད་ལྟ་ཨ་རིའི་གཞུང་གིས་སྒོ་ཁྲལ་འགེལ་བཞིན་པར་གདོང་ལེན་ཆེད་དུ་གྲོས་མཐུན་འགའ་ཤས་འཇོག་རྒྱུ་ཡིན་འདུག
དེ་རིང་རྒྱ་ནག་གི་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྲིད་འཛིན་པུ་ཊིན་གྱིས་གཏམ་བཤད་བྱས་ཡོད་འདུག། སྐབས་དེར་ཁོང་གིས་ཡུག་རེན་ནང་གི་དམག་འཁྲུག་སྐོར་གང་ཡང་བཤད་མེད། སྐབས་དེར་པུ་ཊིན་གྱིས་རྒྱ་ནག་གི་སྲིད་འཛིན་ལ་བཀུར་འོས་གྲོགས་པོ་ཞེས་བོས་ཏེ། དེ་རིང་བསྐྱར་དུ་ང་དང་ཨུ་རུ་སུའི་སྐུ་ཚབ་ཚོས་ཁྱེད་དང་རྒྱ་ནག་གི་མི་མང་རྣམས་ཐུག་འཕྲད་བྱུང་བ་དགའ་པོ་བྱུང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཁྲོད་རྒྱ་ནག་དང་ཨུ་རུ་སུ་གཉིས་ནམ་ཡང་མཉམ་དུ་ཡོད་ལ། ཨུ་རུ་སུའི་ཕྱོགས་ནས་རྒྱ་ནག་དང་ལྷན་དུ་གནད་དོན་གང་འདྲ་ཞིག་ཡིན་ན་ཡང་མཉམ་ལས་བྱེད་འདོད་ཡོད་ཅེས་བཤད་འདུག
ད་ལྟའི་ཆར་ཨུ་རུ་སུའི་ཕྱོགས་ནས་རྒྱ་ནག་གཙོས་པའི་རྒྱལ་ཁབ་གཞན་ལ་རླངས་རྫས་བཙོངས་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུའི་དཔལ་འབྱོར་ཐོག་ཏུ་ཉེས་ཆད་བཅད་པའི་དབང་གིས་ཨུ་རུ་སུའི་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་ཕོག་པ་དག་ཁ་གསབ་ཡོང་ཐབས་བྱེད་བཞིན་ཡོད་འདུག ཉེ་ཆར་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཐོག་ཏུ་ཞི་ཅིན་ཕིང་དང་པུ་ཊིན་གཉིས་ཀས་ཡུག་རེན་ནང་དམག་འཁྲུག་སློང་མཁན་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་ཚོ་ཡིན་ཞེས་སྐྱོན་བརྗོད་དྲག་པོ་བྱས་འདུག།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།