རྒྱལ་སྤྱིའི་ཐོག་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག

ཟླ་འདིའི་ཚེས་༡༠ ཉིན་(Business Standard) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་ཟླ་བ་སྔོན་མའི་ནང་དུ་ཐེ་ཝན་ལ་གཟིགས་སྐོར་དུ་ཕེབས་པའི་རྗེས་སུ། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་མཐའ་སྐོར་དུ་དམག་སྦྱོང་ཐེངས་མང་བྱས་ཡོད་པར་བརྟེན། ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག

སྲིད་བྱུས་ཉམས་ཞིབ་ཚན་པས་བརྗོད་གསལ་ལྟར་ན། ད་ལྟའི་ཆར་ཨུ་རུ་སུ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཡག་པོ་ཡོད་པ་དང་། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ཚེ། ཐེ་ཝན་ལ་དཀའ་ངལ་ཆེན་མོ་འཕྲད་རྒྱུ་ཡིན་པར་བརྟེན། རྒྱལ་སྤྱིའི་ཐོག་གི་རྒྱལ་ཁབ་མང་པོས་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཐེ་ཝན་དུ་ཕེབས་པར་རྒྱབ་སྐྱོར་བྱས་ཡོད་རབས་བརྗོད་འདུག

ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་རྗེས་འབྲས་སུ་མི་མང་པོ་དམག་འཁྲུག་ལ་ཞེན་ཁ་ལོག་པའི་དབང་གིས་རྒྱལ་ཁབ་མ་ཉུང་བ་ཞིག་གིས་ཐེ་ཝན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག

ཨེ་ཤི་ཡའི་ལྷོ་ཤར་ཁུལ་དུ་ཡོད་པའི་རྒྱལ་ཁབ་བཅུ་ཡིས་ཐེ་ཝན་གྱི་ཛ་དྲག་གི་གནས་དོན་ཐོག་ལ་སེམས་ཚབ་ཡོད་རབས་བརྗོད་ཡོད་འདུག་ལ། སྲིད་བྱུས་ཉམས་ཞིབ་ཚན་པས་བརྗོད་གསལ་ལྟར་ན། རྒྱ་ནག་གཙོས་པའི་རྒྱལ་ཁབ་ཁྱོན་བསྡོམས་༢༧ ཡོད་པའི་ཚོགས་འདུ་ཞིག་གི་ཚོགས་ཐོག་ཏུ་ཨེ་ཤི་ཡའི་ལྷོ་ཤར་ས་ཁུལ་དུ་ཡོད་པའི་རྒྱལ་ཁབ་བཅུ་ཡིས་ཐེ་ཝན་གྱི་དཀའ་རྙོག་གིས་ཚོད་དཔག་བྱེད་ཐབས་བྲལ་བའི་མཇུག་འབྲས་འབྱུང་སྲིད་པ་རྒྱ་ནག་གཞུང་ལ་ཉེན་བརྡ་བཏང་ཡོད་པ་དང་། རྒྱ་ནག་ལ་དཀའ་རྙོག་དེའི་ཐོག་ཚོད་འཛིན་གང་ཐུབ་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུ་དང་རྒྱ་ནག་གཉིས་ཐག་ཉེ་བོ་ཆགས་པ་དང་རྒྱ་ནག་དང་ཐེ་ཝན་བར་གྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་བཞིན་པའི་དུས་སྐབས་སུ། ཨེ་སི་ཊོ་ནི་ཡ་(Estonia) དང་ལེ་ཊི་ཝ་ཡ (Latvia) གཉིས་རྒྱ་ནག་གི་མཉམ་ལས་གླེང་སྟེགས་(Cooperation forum) ནས་ཕྱིར་འཐེན་བྱས་ཡོད་འདུག་ལ། ལོ་སྔོན་མར་ལི་ཐོ་ནི་ཡ་(Lithuania) ཞེས་པའི་རྒྱལ་ཁབ་ཀྱིས་རྒྱ་ནག་གིས་འགོ་ཁྲིད་པའི་མཉམ་ལས་གླེང་སྟེགས་ཞེས་པའི་ཚོགས་པ་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ཐེ་ཝན་དང་འབྲེལ་བ་བཟང་དུ་བཏང་ཡོད་འདུག

གཞན་ཡང་སི་ལོ་ཝ་ཁི་ཡ་དང་ཆེག་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་རྒྱ་ནག་གིས་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པར་ཐེ་ཝན་དང་འབྲེལ་བ་ཇེ་ལེགས་སུ་གཏོང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གིས་སོ་སོའི་ཕྱོགས་ཁག་གཅིག་པའི་གྲོགས་པོ་དག་མགྱོགས་པོ་བརླག་བཞིན་པ་དང་ལྷག་པར་དུ་ཉི་ཧོང་དང་ཨོ་སི་ཁྲི་ལི་ཡ་གཉིས་ནི་ཨ་རིའི་ཕྱོགས་སུ་ལངས་ནས་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་པས། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་དགྲ་བོ་མང་དུ་འགྲོ་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

གསར་འགོད་པ།  བློ་བཟང་རྒྱ་མཚོ།