རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་ལས་འགུལ།
འཆར་ཟླའི་ནང་སུད་སི་གྲོང་ཁྱེར་ཇི་ནི་ཝར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འཚོགས་རྒྱུ་ཡིན་སྟབས། ལྷན་ཚོགས་ཐོག་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་ངོ་སྤྲོད་ཆེད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
དེ་ཡང་རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་དང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་སླད། ཕྱི་འབྲེལ་དྲུང་ཆེ་བསོད་ནམ་ནོར་བུ་དང་། དྲིལ་བསྒྲགས་དྲུང་ཆེ་བསྟན་འཛིན་ཟླ་སྒྲོན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཞིང་གཤེགས་དམ་པའི་ཚ་མོ་ཉི་མ་ལྷ་མོ། ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་བཅས་ཀྱིས་དེང་སྐབས་སུད་སི་གྲོང་ཁྱེར་ཇི་ནི་ཝར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་འདུག
འགྲོ་བ་མིའི་ལྷན་ཚོགས་ཐེངས་༣༤ པའི་སྐབས་ཕྱི་དྲིལ་ལས་ཁུངས་ནས་བོད་ནང་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་དེ་དཔེ་མཚོན་དུ་བཀོད་ནས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་བྱེད་བཞིན་པ་དང་། པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་དཔེ་མཚོན་དུ་བཞག་ནས་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱས་མཐར་བོད་མི་དེ་དག་གར་སོང་ཆ་མེད་དུ་འགྱུར་བཞིན་པའི་གནས་སྟངས་གསལ་སྟོན། བོད་མིའི་ཕྱི་བསྐྱོད་ལག་ཁྱེར་ལ་དམ་དྲག་ཚོད་འཛིན་བྱེད་བཞིན་པ། བཀྲ་ཤིས་དབང་ཕྱུག་ལྟ་བུ་དཔེར་བཀོད་ནས་རྒྱ་ནག་གཞུང་གི་བོད་མིའི་སྐད་ཡིག་ཐོག་དམ་དྲག་བྱེད་བཞིན་པ་མ་ཟད། ཕྱི་ལོ་༢༠༠༩ ནས་ད་བར་བོད་མི་༡༤༥ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་རྔམ་སྟོན་གནང་ཡོད་པ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དཔེ་མཚོན་དུ་བཞག་ནས་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་བཏང་བ་མ་ཟད། མཐའ་ན་བཙོན་ཁང་ནས་སྨན་བཅོས་ཀྱི་མཐུན་འགྱུར་སོགས་རྩ་བ་ནས་མ་སྤྲད་པར་ལྐོག་བསད་བྱས་པའི་གནས་ཚུལ་རྣམས་གསལ་སྟོན་བྱ་རྒྱུ་ཡིན་འདུག
དེ་ཡང་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཡིན་བཞིན་དུ་ལྷན་ཚོགས་ཀྱི་རྩ་འཛིན་བྱེད་དགོས་པའི་སྲིད་བྱུས་དེ་དག་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད། དེར་བརྟེན་ཐེངས་འདིར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༣༤ པའི་ཐོག་ཕྱི་དྲིལ་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་དེ་དག་གསལ་སྟོན་ཐོག་ལྷན་ཚོགས་ཀྱི་ཚོགས་མིཚོས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་ཡོང་སླད་ཞུ་གཏུག་ལས་འགུལ་སྤེལ་བཞིན་ཡོད་ཅེས་གསུངས་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།