རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ཐོག་སྲིད་ཟུར་བློ་བཟང་སེངྒེ་མཉམ་ཞུགས་གནང་།

Globsec Forum གྱི་པར།


སྲིད་ཟུར་བློ་བཟང་སེང་གེས་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ཐོག་མཉམ་ཞུགས་གནང་ནས་འཛམ་གླིང་གི་གལ་ཆེའི་གནད་དོན་འགའ་ཞིག་གི་སྐོར་གླེང་སློང་དང་དྲི་བ་གནང་ཡོད་འདུག

ཕྱི་ལོ་༢༠༢༤ ལོའི་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་དེ་ཟླ་༨ ཚེས་༣༠ ནས་ཉིན་གྲངས་གསུམ་གྱི་རིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་(Prague) ་ཏུ་ཚོགས་ཡོད་འདུག ཐེངས་དེའི་ལྷན་ཚོགས་ཐོག་རྒྱལ་ཁབ་འདྲ་མིན་གྱི་སྲིད་འཛིན་དང་སྲིད་བློན། བློན་ཆེན་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་དབུ་འཛིན་སོགས་གནད་ཡོད་མི་སྣ་བརྒྱ་ཕྲག་ཁ་ཤས་མཉམ་ཞུགས་ཀྱིས་ཡུག་རེན་དང་ཨུ་རུ་སུའི་བར་གྱི་དམག་འཁྲུག ཨི་སི་རེལ་དང་གྷ་རྫའི་བར་གྱི་དམག་འཁྲུག དེ་བཞིན་ཡུ་རོབ་མཐུན་ཚོགས་དང་ནེ་ཊོ་(NATO) ་སོགས་རྒྱལ་སྤྱིའི་བདེ་འཇགས་དང་འབྲེལ་བའི་གནད་དོན་གལ་ཆེན་ཁག་གི་ཐོག་ལ་བགྲོ་གླེང་དང་གཏམ་བཤད་སོགས་སྤེལ་ཡོད་འདུག

Globsec Forum གྱི་པར།

སྐབས་དེར་སྲིད་ཟུར་བློ་བཟང་སེང་གེས་ཀྱང་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་དེའི་ཐོག་མཉམ་ཞུགས་གནང་ནས་གལ་ཆེན་གནད་དོན་འགའ་ཞིག་གླེང་སློང་དང་དྲི་བ་གནང་འདུག་པ་དང་། དེ་ཡང་ཁོང་གིས་ལྷན་ཚོགས་ཐོག་གསུང་བཤད་གནང་མཁན་ཚོ་ལ་ཡུག་རེན་ནང་དམག་འཁྲུག་འབྱུང་དུས་ཡུ་རོབ་ཀྱིས་དམག་འཁྲུག་དེ་ནི་འཛམ་གླིང་གི་དམག་འཁྲུག་ཅིག་ཡིན་པ་དང་། ང་ཚོས་དམངས་གཙོ་དང་རང་དབང་སྲུང་སྐྱོབ་དགོས་ཞེས་བརྗོད་ཡོད་པས་གལ་སྲིད་དམངས་གཙོའི་རྒྱལ་ཁབ་གང་ཞིག་ལ་དམག་འཁྲུག་བྱུང་ཚེ། ཡུ་རོབ་ཀྱིས་དམག་འཁྲུག་དེ་འཛམ་གླིང་གི་དམག་འཁྲུག་ཅིག་ལ་ངོས་འཛིན་བྱེད་ཀྱི་རེད་དམ་ཞེས་དྲིས་འདུག་པ་དང་། 

དེ་བཞིན་ཁོང་གིས་ཨུ་རུ་སུས་ཡུག་རེན་ནང་དམག་འཁྲུག་རྒྱུན་སྲིང་ཐུབ་དགོས་དོན་ནི་རྒྱ་གཞུང་གིས་ཕྱོགས་མང་པོ་ནས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད་ཅེས་ཤོད་ཀྱི་ཡོད་ན་ཡང་། ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་ལ་འགྲོ་བའི་སྐབས་སུ། ཐའེ་ཝན་ནི་ཨ་རིའི་དཀའ་ངལ་ལས་ཡུ་རོབ་ཀྱི་དཀའ་ངལ་མ་རེད་ཅེས་བརྗོད་ཡོད། གལ་སྲིད་ཐའེ་ཝན་ཐོག་དམག་འཁྲུག་ལངས་ན། ཡུ་རོབ་དང་ཨོ་སི་ཊོ་ལི་ཡ་སོགས་ཀྱི་ཇི་ལྟར་བྱེད་རྒྱུ་ཡིན་ཞེས་དྲིས་པ་དང་། དེ་སྔ་ལྷན་ཚོགས་མང་པོའི་ནང་འགྲོ་བའི་སྐབས་སུ་ཧོང་ཀོང་ཐོག་གླེང་སློང་བྱུང་ཡོད་ན་ཡང་། ཧོང་ཀོང་ནང་དངོས་སུ་དྲག་གནོན་བྱེད་སྐབས་ཡུ་རོབ་དང་ཨ་རི་ཡིས་གང་ཡང་བྱེད་ཐུབ་མེད་པ་སོགས་འགྲེལ་བརྗོད་གནང་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།