རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས་གནང་སོང་།

ཟླ་འདིའི་ཚེས་༡༨ ནས་ཉིན་གྲངས་གསུམ་རིང་གི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དེ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཡོད་པའི་ཌི་པོ་ལོ་གསོལ་མགྲོན་ཁང་དུ་དབུ་འཛུགས་གནང་སོང་།

ཐེངས་འདིའི་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གཙོས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་དང་། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལེགས་བཤད། དེ་བཞིན་འཛམ་གླིང་ས་ཕྱོགས་གང་ས་ནས་གཏམ་བཤད་གནང་མཁན་དང་གཞོན་སྐྱེས་ཚོགས་བཅར་བ་མང་པོ་ཞིག་ཕེབས་འདུག

མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མ་འོངས་བོད་ཀྱི་འཐབ་རྩོད་རྒྱུན་གནས་ཆེད་གཞོན་སྐྱེས་རྣམས་ལ་རེ་བ་ཆེན་པོ་འཆང་གི་ཡོད་པ་ལྟར་གཞོན་སྐྱེས་རྣམས་ནས་བོད་ཀྱི་འཐབ་རྩོད་ལ་འགན་ཁུར་དང་ལེན་གྱིས་ལྷག་བསམ་དང་། སེམས་ཤུགས་སྔར་ལྷག་གིས་ལས་འགུལ་སྤེལ་དགོས་ཤིང་། ལྷག་པར་དུ་ཐེངས་འདིའི་གཞོན་སྐྱེས་ཚོགས་འདུའི་ནང་མཉམ་ཞུགས་གནང་མཁན་གཞོན་སྐྱེས་རྣམས་ལ་བོད་ཀྱི་གནད་དོན་རྟོགས་རྒྱུ་དང་། གཞོན་སྐྱེས་ཕན་ཚུན་ངོ་ཤེས་གྲོགས་འདྲིས་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་ཡོད་སྟབས་འབྱུང་འགྱུར་གཞོན་སྐྱེས་མཉམ་སྦྲེལ་གྱི་ནུས་པ་སྤུངས་ཏེ་བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྟེང་ཞུ་གཏུག་བྱ་རྒྱུ་ལ་ཕན་ཐོགས་ངེས་ཅན་ཡོང་ངེས་པའི་སྐོར་དང་། རྒྱ་ནག་གིས་ལོ་རྒྱུས་ལ་འཁྱོག་བཤད་སྣ་ཚོགས་བརྒྱུད་དྲིལ་བསྒྲགས་ལོག་འགྲེལ་ཤུགས་ཆེ་བྱེད་བཞིན་པའི་དུས་སྐབས་འདིར་བོད་མི་སྤྱི་དང་། ཡང་སྒོས་བོད་རིགས་གཞོན་སྐྱེས་རྣམས་ནས་བོད་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་རྒྱུས་ལོན་བྱ་རྒྱུ་སྔར་བས་གལ་ཆེ་བར་གྱུར་ཡོད་ཅེས་གསུང་བཤད་གནང་སོང་།

གཞན་ཡང་༸གོང་ས་མཆོག་གིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་ལ་བསྩལ་བའི་སྒྲ་འཇུག་གསུང་འཕྲིན་ཞིག་གཟིགས་འབུལ་ཞུས་ཤིང་། གསུང་འཕྲིན་ནང་མགོན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་གཞན་ཕན་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་བོད་ཀྱི་ཆོས་དང་རིག་གཞུང་། ཡ་རབས་བཟང་སྤྱོད་སོགས་མི་ཉམས་རྒྱུན་འཛིན་གནང་རྒྱུ་གལ་གནད་ཆེན་པོ་སྐོར་བཀའ་སློབ་བསྩལ་སོང་།

ཐེངས་འདིའི་ཚོགས་ཆེན་གྱི་ལས་རིམ་ལ་ལྟར་ན། ཚོགས་འདུའི་ཉིན་གསུམ་གྱི་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ཕུགས་དམིགས་སྐོར་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོའི་སྐོར། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་ལོ་མང་རིང་རྒྱ་ནག་གཞུང་གིས་བོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་རྫུན་བཟོ་དང་འཁྱོག་བཤད་བྱེད་པར་ཁུངས་འཁྱོལ་ཐབས་མེད་པའི་སྐོར། ༧གོང་ས་མཆོག་གི་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་རྒྱ་འབྲེལ་མོལ་གྱི་འཕེལ་རིམ་དང་མ་འོངས་མདུན་ལམ་གྱི་སྐོར། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་བཀྲས་མཐོང་བསྟན་འཛིན་དགེ་ཆེ་ལགས་ཀྱིས་༸རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་པའི་མིའི་མྱོང་བའི་སྐོར། ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཟུར་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བཙན་བྱོལ་ནང་སྒྲིག་འཛུགས་ཚགས་ཚུད་དང་མང་གཙོའི་འཕེལ་རིམ་སྐོར། ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་རྒྱའི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱངས་པའི་སྐོར། ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤྲོད། ཁེ་ན་ཊ་བོད་རིགས་མཐུན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ནུབ་ཕྱོགས་སུ་བོད་དོན་ལས་འགུལ་ལ་བཟང་ཕྱོགས་ཀྱི་རེ་བ་དང་ཁོར་ཡུག་སྐོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་ལས་འགུལ་གྱི་ནུས་པ་སྐྱེད་སྲིང་བྱ་ཐབས་སྐོར། ཨོ་གླིང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཐབ་བྱུས་ལས་འགུལ་སྣེ་འཁྲིད་པ་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་ཞུ་གཏུག་ལས་འགུལ་སྤེལ་སྐབས་དགོས་འདུན་གཙོ་ཕལ་དབྱེ་འབྱེད་ཀྱིས་འབྲེལ་ལམ་རྒྱ་སྐྱེད་གཏོང་ཐབས་སྐོར། བོད་དོན་མཉམ་སྦྲེལ་ཞུ་གཏུག་ལས་ཁང་གི་འབྲེལ་མཐུད་པ་གྷོ་ལོ་རི་ཡ་མོནྚ་སྒེ་མེ་རི་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་འབྲེལ་ལམ་རྒྱུན་སྲིང་ཐོག་ཞུ་གཏུག་ལས་འགུལ་སྤེལ་སྟངས་སྐོར། ཁེ་རེ་དཱ་ཚོགས་པའི་འགན་འཛིན་མེ་ཀལ་ཝོན་ཝལྚ་ཝོན་པྲཱག་ལགས་ཀྱིས་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས་ཁྲིམས་ཐོག་ནས་བོད་དོན་གནས་བབ་འགྲེལ་བརྗོད་བྱེད་ཐབས་སྐོར་གསུང་བཤད་གནང་རྒྱུ་བཅས་རེད་འདུག

ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་གཞོན་སྐྱེས་ཚོའི་བོད་དོན་འཐབ་རྩོད་ཀྱི་འབོད་སྒྲ་དང་ལས་འགུལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུ་དེ་ཆགས་ཡོད་པ་མ་ཟད། ཚོགས་ཆེན་ཐོག་རྒྱལ་ཁབ་མ་འདྲ་བ་བཅུ་དྲུག་ནས་གཞོན་སྐྱེས་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་པའི་ཁྲོད་གཞོན་སྐྱེས་མང་ཆེ་བ་ནི་བོད་དོན་ཞུ་གཏུག་ཚོགས་པའི་(V-TAG) ་ཚོགས་མི་ཆགས་ཀྱི་ཡོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།