རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་ལྡི་ལིར་འཚོགས་གཏན་ཁེལ་འདུག

ཟླ་འདིའི་ཚེས་༡ གཅིག་ཉིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ནས་གསལ་བསྒྲགས་སྤེལ་གསལ་ལྟར་ན། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་དེ་ཕྱི་ཟླ་༠༨ ཚེས་ ༡༦ ནས་ ༡༩ བར་ཉིན་བཞིའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ India International Centre (IIC) རུ་འཚོགས་གཏན་ཁེལ་ཡོད་འདུག་པ་དང་། ཡོང་ལ་ཉེ་བའི་ཚོགས་ཆེན་འདིའི་ཐོག་འཛམ་གླིང་གི་རྒྱལ་ཁབ་གང་སར་དུ་གནས་པའི་བོད་མི་རང་བཙན་འཐབ་རྩོད་པ་རྣམས་དང་། གཞན་ཡང་སོག་པོ་དང་ཡུ་གུར་གཙོས་པའི་རྒྱ་ནག་གི་བཙན་འཛུལ་དང་དབང་སྒྱུར། གཉའ་གནོན་ཐེབས་བཞིན་པའི་མི་རིགས་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་འཆར་ཡོད་འདུག ཚོགས་ཆེན་ཐོག་ས་ཁོངས་སོ་སོ་ནས་རྒྱ་ནག་གི་བཙན་འཛུལ་ལ་གདོང་ལེན་བྱེད་ཕྱོགས་དང་། མ་འོངས་པར་ཐུན་མོང་ཐོག་རྒྱ་ནག་ལ་ཁ་གཏད་ཇི་ལྟར་གཅོག་དགོས་མིན། བོད་མི་ཚོས་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་ཐོག་ཕྱི་དགྲ་བོ་ལ་ཁ་གཏད་ཇི་ལྟར་གཅོག་ དགོས་མིན། རང་བཙན་འཐབ་རྩོད་ཀྱི་ནུས་པ་རྒྱ་སྐྱེད་སོགས་ཀྱི་ཐད་ནས་གྲོས་བསྡུར་དང་འཆར་འགོད་སོགས་བྱེད་རྒྱུ་ཡིན་འདུག
རང་བཙན་གྱི་ཚོགས་ཆེན་འདི་ནི་འཛམ་གླིང་གི་ས་ཕྱོགས་གང་སར་དུ་གནས་པའི་བོད་རང་བཙན་འཐབ་རྩོད་པ་མང་པོ་ཞིག་ལྷན་འཛོམས་ཐོག་ད་བར་ཨ་རི་དང་། ཡུ་རོབ། དེ་བཞིན་རྒྱ་གར་བཅས་སུ་རིམ་པར་ཚོགས་ཡོད་འདུག་ལ། ༢༠༡༨ ལོའི་རྒྱ་གར་རྡ་རམ་ས་ལར་ཚོགས་པའི་ཚོགས་ཆེན་ཐོག་ནས་རྒྱ་གར་གྱི་ས་གནས་འབྲེལ་མཐུད་པ་རྣམས་ནས་གོ་སྒྲིག་ཚོགས་ཆུང་གི་འགན་དབང་བཞེས་ཐོག རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་དེ་རྒྱ་གར་དུ་འཚོགས་རྒྱུའི་གཏན་ཁེལ་བྱུང་བ་ཇི་བཞིན་འདི་ལོར་གོ་སྒྲིག་ཞུ་མུས་ཡིན་འདུག

ཚོགས་ཆེན་འདིའི་དམིགས་ཡུལ་ནི། ད་ཐེངས་ཀྱི་གོ་སྐབས་འདི་ཚང་མས་དམ་འཛིན་བྱས་ཏེ་ནུས་པ་མཉམ་སྤུངས་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་ཐད་གོ་བསྡུར་བྱ་རྒྱུ་དང་།  དེ་ནས་འཐབ་རྩོད་པ་ཀུན་གྱིས་ནུས་པ་མཉམ་སྤུངས་ཐོག་རྒྱ་ནག་ལ་ཁ་གཏད་བཅགས་ཏེ་བོད་རང་བཙན་ཐོབ་པ་བྱ་རྒྱུ་དེ་རེད་འདུག གཞན་ཡང་ཚོགས་ཆེན་འདི་ནི་བོད་རང་བཙན་ལ་ཡིད་ཆེས་བྱེད་མཁན་གྱི་དང་བླང་པ་ཤ་སྟག་ནས་མི་མང་རང་བཞིན་གྱིས་གོ་སྒྲིག་བྱེད་བཞིན་འདུག་པས། ཚོགས་བཅར་བ་རྣམས་ལ་གོ་སྒྲིག་ཚོགས་ཆུང་ངོས་ནས་མཐུན་འགྱུར་གང་ལེགས་འབུལ་ཐབས་ཞུ་རྒྱུ་ལས། འཐབ་རྩོད་ཀྱི་ཆེད་རང་འགན་རང་ཁུར་གྱིས་ལམ་གྲོན་སྒེར་ངོས་ནས་གཏོང་ཐབས་གནང་རོགས་ཞེས་བཀོད་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།