རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པའི་ཉིན་མཐའ་མའི་བསྒྲགས་གཏམ།
༄༅། །རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པའི་བསྒྲགས་གཏམ།
(རྒྱ་གར་རྒྱལ་ས་ལྡི་ལི། ཕྱི་ལོ་༢༠༢༣ ཟླ་ ༠༨ ཚེས་ ༡༦ – ༡༩ ཉིན།)
གཅིག སྔོན་གླེང་།
བོད་རྒྱལ་ཁབ་ཆེན་པོ་ནི་སུམ་གཉིིས་སའི་དཀྱིལ་འཁོར་དབང་དུ་བསྡུས་ཏེ་ཆོས་སྲིད་གཉིས་ཀྱི་དཔལ་ཡོན་ཡང་རྩེར་སོན་མྱོང་མཁན་གྱི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན། རླབས་ཆེན་རྒྱལ་ཁབ་འདི་ཉིད་ཀྱི་མངའ་ཐང་ལ་དར་རྒུད་ཇི་སྙེད་ཅིག་བྱུང་མྱོང་ཡོད་ཀྱང། སྐད་ཡིག་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། དེ་བཞིན་རྒྱལ་ཁབ་ཀྱི་འཛིན་སྐྱོང་དང་ཕྱི་འབྲེལ་ལས་དོན་སོགས་མདོར་ན་ཕྱོགས་ཡོངས་ནས་རང་དབང་རང་བཙན་གཙང་མའི་ངོ་བོའི་ཐོག་ནས་གནས་ཡོད་མཁན་གྱི་རྒྱལ་ཁབ་ཅིག་ཡིན།
འོན་ཀྱང་། ཕྱི་ལོ་ ༡༩༤༩ ཙམ་ནས་བཟུང་དགྲ་བོ་རྒྱ་དམར་གྱིས་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱེད་འགོ་ཚུགས་ཤིང་། ཕྱི་ལོ་ ༡༩༥༡ ཟླ་ ༠༥ ཚེས་ ༢༣ ཉིན་རྒྱ་གཞུང་གིས་བཙན་ཤེད་དང་འཇིགས་སྐུལ་བྱས་ཏེ་“གྲོས་མཐུན་དོན་ཚན་བཅུ་བདུན་”ཟེར་བར་ས་ཡིག་འགོད་དུ་བཅུག་ཅིང་། རིམ་པར་རྒྱ་གཞུང་གི་ཧམ་སེམས་ཀྱི་གདོང་རིས་མངོན་གསལ་དུ་གྱུར་ཏེ་བོད་མིར་བཙན་གནོན་དང་དམ་དྲག་ཇེ་ཆེར་བྱས་རྐྱེན་གྱིས། ཕྱི་ལོ་ ༡༩༥༩ ཟླ་ ༠༣ ཚེས་ ༡༠ ཉིན་ཆོལ་གསུམ་རྒྱ་ཆེའི་མི་མང་གིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་རྒྱ་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་ཀྱང་། མཐར་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་རྒྱ་གར་དུ་བཙན་བྱོལ་ལ་ཡོང་དགོས་བྱུང་ཡོད། ལོ་དེའི་ཟླ་ ༠༤ ཚེས་ ༡༨ ཉིན་༸གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཏི་ཛུ་པུར་དུ་གསལ་འགོད་གསར་བསྒྲགས་ཐོག་མ་བསྐྱངས་ཏེ། བོད་རང་བཙན་གཙང་མའི་རྒྱལ་ཁབ་ལ་རྒྱ་གཞུང་གིས་བཙན་འཛུལ་བྱས་པ་དང། རྒྱ་ནག་གི་བཙན་ཤེད་འོག་བཞག་པའི་“གྲོས་མཐུན་དོན་ཚན་བཅུ་བདུན་”ཟེར་བར་ཁས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས།
དགྲ་བོ་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་རྩ་གཏོར་བྱས་ཏེ་ཆོས་དང་རིག་གཞུང་རྩ་བརླག་གཏོང་ཐབས་དང་། གཏེར་ཁ་སྔོག་འདོན་དང་གཙང་པོ་ལོག་སྤྱོད་བྱས་ཏེ་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཚད་མེད་བཏང་ཡོད། ལྷག་པར་དུ་བོད་མིར་མི་སྤྱོད་ལས་འདས་པའི་དྲག་གནོད་ཚད་མེད་བྱས་ཏེ་ད་བར་བོད་མི་འབུམ་བཅུ་གཉིས་ལྷག་དུས་མིན་རྐྱེན་ལམ་དུ་བཏང་ཡོད། དེ་ལྟར་རྒྱ་གཞུང་གི་དྲག་གནོན་འོག་བཟོད་ཐབས་བྲལ་བའི་སྡུག་སྦྱོང་མྱངས་ཏེ། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་། ཕྱི་ལོ་ ༢༠༠༩ ཟླ་ ༠༢ ཚེས་ ༢༧ རྒྱལ་གཅེས་དཔའ་བོ་གྲྭ་བཀྲ་བྷས་སྐུ་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནས་བཟུང་། བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་རྒྱ་ནག་གི་བཙན་འཛུལ་དང་དྲག་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་ད་བར་ཤེས་རྟོག་ར་སྤྲོད་གསལ་པོ་བྱུང་པའི་བོད་མི་གྲངས་ ༡༥༧ གྱིས་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་དེ་ཉིད་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་བློས་གཏོང་གནང་ཡོད། དེ་བཞིན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ད་བར་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་མི་གྲངས་ ༡༠ བྱུང་ཡོད་པ་སོགས་ཀྱི་གནས་ཚུལ་རྣམས་བོད་མི་རིགས་ཀྱི་ངོས་ནས་དུས་ནམ་ཡང་བརྗེད་མི་རུང་བའི་གནད་དོན་དང་། བོད་རང་བཙན་སླར་གསོའི་ཆེད་འབད་བརྩོན་བྱེད་དགོས་པའི་སྐུལ་མ་ཉག་གཅིག་ཏུ་གྱུར་ཡོད།
དེ་བཞིན་འདས་པའི་མི་ལོ་ཁ་ཤས་སྔོན་ནས་བཟུང་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་གཞུང་ནས་བརྒྱུད་གཅིག་ལམ་གཅིག་ཟེར་བར་ཁ་གཡར་ཏེ་དཔལ་འབྱོར་གྱི་ཐོག་ནས་བཙན་འཛུལ་དང་། ཁུང་ཙི་སློབ་གསོའི་བསྟི་གནས་ཁང་ཟེར་བ་གསར་འཛུགས་བྱས་ཏེ་དྲིལ་བསྒྲགས་ལོག་པས་སོ་སོའི་སྣང་བརྙན་རྫུན་བཟོ་དང་། ཡར་ཐོན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་རྣམས་རྐུ་འཁྱེར་བྱས་ཏེ་མིའི་གཞི་རྩའི་ཀུན་སྤྱོད་དང་འགལ་བའི་སྦྱོར་བ་སྣ་མང་སྤེལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད་པ་ར་འཕྲོད་བྱུང་ཡོད། གཞན་ཡང་། རྒྱ་ནད་བཅུ་དགུ་པ་དང། དེ་བཞིན་ཧོང་ཀོང་དང་། ཐེ་ཝན། རྒྱ་དཀར་ནག་གཉིས་ནས་ཧིན་བོད་ས་མཚམས་སུ་བྱུང་བའི་གནད་དོན་སོགས་ཀྱིས་རྐྱེན་པས། ད་ཆ་རྒྱ་གཞུང་གི་ངན་ཇུས་རྣམས་ལ་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་མང་ཚོགས་ཁྱོན་ཡོངས་ནས་ངེས་ཤེས་གསལ་པོ་རྙེད་འགོ་བཙུགས་ཡོད་པ་མ་ཟད། རྒྱ་ནག་གི་ཉེས་ཅན་དཔོན་རིགས་ཚོ་ལ་ཐེར་འདོན་དང་ཉེས་ཆད་གཅོད་བཞིན་པའི་དུས་སྐབས་ཤིག་ཀྱང་ཆགས་ཡོད། གནས་སྟངས་དེ་དག་གིས་མི་རིགས་སུ་ཞིག་ཡིན་རུང་རྒྱ་གཞུང་གི་འོག་ནས་བདེ་བ་འཐོབ་ཐབས་བྲེལ་བ་དང་རེ་བ་མེད་པའི་ར་སྤྲོད་གསལ་པོ་བྱས་ཡོད་པ་མ་ཟད། རང་བཙན་འཐབ་རྩོད་པ་རྣམས་ལ་རྙེད་པར་དཀའ་བའི་གོ་སྐབས་གསར་པ་ཞིག་ཀྱང་ཆགས་ཡོད།
ད་ལན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པར་ཡུ་གུར་དང་ལྷོ་སོག་གི་སྐུ་ཚབ་རྣམས་དངོས་བཅར་དང་། དྲྭ་ལམ་བརྒྱུད་ནས་མཉམ་ཞུགས་ཐུབ་པ་བྱུང་ཡོད། དེ་བཞིན་ཨ་རི་དང་། ཁེ་ན་ཌ། ཨོ་སི་ཊི་ལི་ཡ། རྒྱ་གར་དང་བལ་ཡུལ་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ནས་བོད་རང་བཙན་དོན་གཉེར་བ་མི་གྲངས་ ༨༠ ལྷག་ཚོགས་བཅར་བྱས་ཤིང། བོད་ཡུ་སོག་གསུམ་གྱི་སྐུ་ཚབ་རྣམས་ནས་མཉམ་འབྲེལ་གྱི་བསྒྲགས་གཏམ་སྤེལ་ཡོད། གཞན་ཡང་ཚོགས་བཅར་བ་རྣམས་ཉིན་བཞིའི་རིང་བགྲོ་གླེང་ལྷུག་པོ་དང་མ་འོངས་པར་བོད་རང་བཙན་སླར་གསོ་དགོས་པའི་དགོས་འདུན་ཤུགས་ཆེར་བསྟན་ཡོད།
གཉིས། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བྱུང་རིམ།
ཕྱི་ལོ་ ༢༠༡༢ ལོར་བཞུགས་སྒར་དྷ་རམ་ས་ལར་བོད་རང་བཙན་ཚོགས་འདུ་ཞིག་སྐོང་འཚོགས་བྱས་པ་དང་། དེ་རྗེས་བོད་རང་བཙན་འཐབ་རྩོད་པ་མང་པོ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་གྲོས་བསྡུར་རིམ་པ་བྱས་མཐར། རྒྱལ་སྤྱིའི་རང་བཞིན་གྱི་བོད་རང་བཙན་ཚོགས་ཆེན་ཞིག་འཚོགས་རྒྱུ་ཁ་ཚ་དགོས་གཏུག་ཏུ་མཐོང་བས། དྷ་སར་གནས་སྡོད་བོད་རང་བཙན་འཐབ་རྩོད་པ་རྣམས་ཀྱིས་གཙོ་འགན་ཁུར་ཏེ། ཕྱི་ལོ་ ༢༠༡༥ ཟླ་ ༠༥ ཚེས་ ༢༣ ནས་ ༢༤ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་དེ་འཚོགས་ཐུབ་པ་བྱུང་།
ཕྱི་ལོ་ ༢༠༡༦ ལོར་ཨ་རིར་གནས་སྡོད་བོད་རང་བཙན་འཐབ་རྩོད་པ་རྣམས་ཀྱིས་གོ་སྒྲིག་གཙོ་འགན་འོག ནིའུ་ཡོག་ཏུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་གསུམ་པ་འཚོགས་ཡོད་ཅིང་། ཕྱི་ལོ་༢༠༡༧ ལོར་ཡུ་རོབ་གནས་སྡོད་རང་བཙན་འཐབ་རྩོད་པ་རྣམས་ཀྱིས་གོ་སྒྲིག་གཙོ་འགན་འོག་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ཧྥ་རན་སིའི་རྒྱལ་སར་འཚོགས། ཕྱི་ལོ་ ༢༠༡༨ རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་དྷ་རམ་ས་ལར་འཚོགས། སྐབས་དེའི་ཚོགས་ཐོག་ཏུ་ཐག་གཅོད་བྱས་པ་ལྟར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་འདི་ཉིད་རྒྱ་གར་དུ་འཚོགས་གཏན་ཁེལ་བ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༠༨ ཚེས་ ༡༦ ནས་ ༡༩ བར་རྒྱལ་ས་ལྡི་ལིར་ཚོགས་ཐུབ་པ་བྱུང་ཡོད།
གསུམ། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པའི་དགོས་དམིགས།
རྒྱ་གཞུང་གིས་ཕྱི་ལོ་ ༡༩༤༩ ལོར་ཁྲིམས་འགལ་གྱིས་བོད་ལ་བཙན་འཛུལ་བྱས་པར་ངོ་རྒོལ་བྱེད་ཆེད་དང་། བོད་རང་བཙན་འཐབ་རྩོད་པ་གཙོས་པའི་བཙན་པོའི་སྙིང་སྟོབས་ཀྱི་ཟུངས་ཁྲག་རྒྱུ་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཚེ་སྲོག་བློས་གཏོང་གི་ལོ་རྒྱུས་ལ་དྲན་གསོ་དང་གུས་འདུད་མཚོན་ཆེད་དང་། རྒྱ་གཞུང་ནས་ཧམ་སེམས་ཕྱིར་མངོན་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡིད་ཆེས་བརླག་འཇུག་བཞིན་པའི་གོ་སྐབས་དམ་འཛིན་གྱིས་ཁ་གཏད་གཅོག་ཆེད་དང་། བོད་རང་བཙན་སླར་གསོའི་ཕུགས་བསམ་དང་། སྙིང་སྟོབས། བློ་རྩ་བརྟན་པོ་ཡོད་མཁན་རྣམས་ལྷན་གཅིག་ཏུ་འཛོམས་ཏེ་གོ་བསྡུར་སྦྱངས་བཤད་ཀྱིས་མ་འོངས་འཐབ་རྩོད་བྱེད་ཕྱོགས་ཐོག་རིག་པ་དང་བསམ་བློ་གསར་པ་ཞིག་རྙེད་པའི་ཆེད་དུ་དམིགས་པ་ཞིག་ཡིན།
བོད་རྒྱ་བར་གྱི་འཐབ་རྩོད་འདི་དབང་སྒྱུར་བྱ་ཡུལ་དང་དབང་སྒྱུར་བྱེད་མཁན་བར་གྱི་འཐབ་རྩོད་ཅིག་ཡིན་ལ། རྒྱལ་ཁབ་གཉིས་བར་གྱི་བདག་དབང་གི་ཐོབ་ཐང་ཆེད་དུ་ཡིན་པའང་སྨྲོས་མེད་ཐོག ད་བར་བཙན་གནོན་འོག་བོད་མི་ཚོའི་གཉའ་ཞུམ་མྱོང་མེད་ལ། ཇི་སྲིད་བོད་མི་མང་ལ་རྒྱལ་ཁབ་ཀྱི་བདག་དབང་བསྐྱར་གསོ་མ་ཐུབ་བར་དུ། “ཤི་པོའི་ཁ་ཆེམས། གསོན་པོའི་རེ་བ་”བོད་རང་བཙན་གྱི་མངོན་འདོད་འདི་ཉིད་ཕ་ཤུལ་བུ་འཛིན་དང་མི་རབས་རྗེས་འབྲེལ་གྱི་བླ་སྲོག་ཅིག་ཏུ་རྒྱུན་གནས་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། རྒྱ་གཞུང་གིས་བོད་དབང་བསྒྱུར་བྱས་ནས་བོད་ཀྱི་དཔའ་བོ་དཔའ་མོ་གྲངས་མེད་ཀྱིས་བོད་དོན་འཐབ་རྩོད་ཆེད་རང་སྲོག་བཏང་བ་རྣམས་ལ། ད་ལྟའི་མི་རབས་ཀྱིས་རྗེས་དྲན་དང་། འཐབ་རྩོད་མུ་མཐུད་མཇུག་སྐྱོང་རྒྱ་སྐྱེད་བཅས་ལ་དམིགས་པ་ཞིག་ཡིན།།
བཞི། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པའི་བསྒྲགས་གཏམ་གྱི་དོན་གནད་ཁག
༡། དགྲ་བོ་རྒྱ་དམར་གཞུང་གིས་མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་བོད་རྒྱལ་ཁབ་ལ་ཁྲིམས་འགལ་གྱི་བཙན་འཛུལ་དང་། བོད་མི་ཁྲི་ཕྲག་མང་པོ་ལ་དམར་གསོད་དང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པར་ཚོགས་ཆེན་འདི་བརྒྱུད་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་དང་རྒྱ་གཞུང་ལ་དུས་ནམ་ཡང་ཡིད་ཆེས་ཏིལ་འབྲུ་ཙམ་ཡང་མེད་པ་ནན་བརྗོད་བྱེད་རྒྱུ།
༢། རང་བཙན་འཐབ་རྩོད་པ་རྣམས་ནས་རང་ནུས་གང་ལྕོགས་ཀྱིས་རྒྱ་གར་གཙོས་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་བོད་རང་བཙན་ཐོག་རྒྱབ་སྐྱོར་ཡོང་བའི་ཞུ་སྐུལ་ལས་འགུལ་གང་ཐུབ་སྤེལ་རྒྱུ་དང་། དེ་བཞིན་ས་གནས་ས་ཐོག་ཏུ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁོངས་སོ་སོ་ནས་བོད་ཀྱི་དུས་ཆེན་ཁག་ཏུ་གདན་ཞུ་མཚོན་པའི་འབྲེལ་ལམ་འཛུགས་ཐབས་བྱེད་དགོས་གལ་སྐོར་དྲན་སྐུལ་བྱེད་རྒྱུ།
༣། རང་བཙན་འཐབ་རྩོད་པ་རྣམས་ནས་རང་བཙན་སླར་གསོའི་ཆེད་རྒྱུན་དུ་བབ་བརླིང་བརྟན་གསུམ་བྱེད་དགོས་གལ་དང་། རྒན་རབས་པས་གཞོན་སྐྱེས་རང་བཙན་ལྟ་གྲུབ་ཅན་རྣམས་བདག་པོ་རྒྱག་རྒྱུ་དང་། དབྱར་དུས་སློབ་སྒར་དང་རང་བཙན་སློབ་སྒར་གྱི་མཐུན་རྐྱེན་སྐྲུན་ཐབས་བྱེད་དགོས་གལ་སྐོར་མཐུན་རྐྱེན་དང་ནུས་པ་ཡོད་མཁན་རྣམས་ལ་དྲན་སྐུལ་བྱེད་རྒྱུ།
༤། རང་བཙན་འཐབ་རྩོད་པ་རྣམས་ནས་ལོ་ལྟར་སྤྱི་ཟླ་ ༢ ཚེས་ ༡༣ ཉིན་མཉམ་འབྲེལ་གྱི་ཐོག་ལས་འགུལ་སྤེལ་ནས་རང་བཙན་ཉིན་མོ་སྲུང་བརྩི་ཞུ་རྒྱུ་དང། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་སྐབས་རང་བཙན་ལྟ་བ་ཡོད་མཁན་རྣམས་ལ་རྒྱབ་སྐྱོར་དང་། རང་བཙན་དང་འབྲེལ་བའི་བགྲོ་གླེང་བྱེད་སའི་དྲྭ་རྒྱའི་སྡིངས་ཆ་གང་མང་སྐྲུན་ཐབས་བྱེད་རྒྱུ། རང་བཙན་འཐབ་རྩོད་ཀྱི་ལང་ཕྱོགས་འཛིན་པ་དེ་ནི་ནོར་འཁྲུལ་མིན་སྐོར་གོ་རྟོག་སྤེལ་ཐབས་བྱེད་རྒྱུ།
༥། རང་བཙན་ཚོགས་ཆེན་སྐབས་རང་བཙན་ལང་ཕྱོགས་འཛིན་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང། མི་རབས་རྒན་པ་གང་མང་མཉམ་བཞུགས་ཡོང་ཐབས་དང་། གཞན་ཡང་ཚོགས་ཆེན་རྗེས་མའི་སྐབས་སུ་ས་གནས་ཁག་གི་རང་བཙན་པ་རྣམས་ཀྱི་དགོངས་འཆར་བསྡུ་ལེན་བྱས་ཏེ་ཚོགས་ཐོག་ཏུ་སྒྲོག་སྦྱང་བྱེད་དགོས་གལ་སྐོར་དྲན་སྐུལ།
༦། རྒྱལ་སྤྱི་རང་བཞིན་གྱི་རང་བཙན་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་ཆེད་ཚོགས་ཆེན་འདིའི་ཐོག་ནས་ཚོགས་ཆུང་ཟུར་འཛུགས་བྱས་པ་ལྟར། ཚོགས་ཆུང་གི་མི་འགྲོ་རྣམས་ཀྱིས་རང་བཙན་ཆབ་སྲིད་ཚོགས་པ་གསར་འཛུགས་ཆེད་དུ་ཞིབ་འཇུག་འགན་འཁུར་དོ་དན་གནང་རྒྱུ་དང་། སྐབས་ ༧ པའི་ཚོགས་ཆེན་སྐབས་སུ་ཡིག་ངག་གཉིས་ཐོག་ནས་སྙན་ཐོ་འབུལ་དགོས་རྒྱུ།
༧། རང་བཙན་ལྟ་བ་ཡོད་མཁན་གྱི་ཚོགས་སྒེར་ཅི་ཡིན་ལ་མ་ལྟོས་པར་ཕན་ཚུན་འབྲེལ་ལམ་དམ་ཟབ་ཡོང་སླད། ཕྱོགས་སོ་སོ་ནས་ཤུགས་གནོན་བརྒྱབ་སྟེ་རང་བཙན་དང་འབྲེལ་བའི་མི་སྣ་གང་མང་འདུ་སྐོང་བྱས་ནས་སྙན་ངག་ལྷན་འཛོམས་དང། རོལ་དབྱངས་ལྷན་འཛོམས། དེ་བཞིན་དཔེ་ཀློག་ལེ་ཚན་སོགས་ཀྱིས་མཚོན་པའི་ལྷན་འཛོམས་ཀྱི་ཁོར་ཡུག་བསྐྲུན་ཐབས་བྱེད་གལ་སྐོར་དྲན་སྐུལ་བྱེད་རྒྱུ།
༨། བོད་པའི་སློབ་གྲྭ་ཁག་གི་བོད་ཡིག་སློབ་དེབ་ནང་དུ་བོད་རང་བཙན་ཡིན་པའི་དངོས་ཡོད་རྒྱལ་རབས་ལོ་རྒྱུས་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལོ་རྒྱུས་གང་མང་འཁོད་ཐབས་བྱེད་རྒྱུ། དེ་བཞིན་རང་བཙན་ལང་ཕྱོགས་ཡོད་མཁན་གྱི་ཤེས་ལྡན་པ་རྣམས་ལ་སློབ་གྲྭ་ཁག་གི་ནང་དུ་གཏམ་བཤད་གནང་རྒྱུའི་གོ་སྐབས་བསྐྲུན་རྒྱུར་དཔལ་ལྡན་ཤེས་རིག་ལས་ཁུང་ལ་འབོད་སྐུལ་ཞུ།
༩། སྐབས་བབས་བོད་ནང་གི་གཉན་འཕྲང་ཅན་གྱི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་ཐོག་རྒྱ་གཞུང་ལ་ལྟ་ཕྱོགས་དང་། ལྷག་པར་དུ་ཧོང་ཀོང་རང་སྐྱོང་གི་གནས་བབས་བཅས་ཀྱི་ཉམས་མྱོང་གཞིར་བཞག་སྟེ་དབུ་མའི་ལམ་སྲིད་བྱུས་ལ་བསྐྱར་ཞིབ་དང་ཛ་དྲག་གི་མི་མང་ཚོགས་ཆེན་སྐོང་འཚོགས་ཀྱིས་གྲོས་བསྡུར་བྱས་ཏེ། ང་ཚོས་ཀྱང་དེར་རེ་བ་མེད་པའི་དངོས་ཡོད་གནས་སྟངས་ངོས་འཛིན་དང་ལང་ཕྱོགས་ལ་འགྱུར་བ་བཏང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ལང་ཕྱོགས་རང་བཙན་ལ་བསྐྱོད་དགོས་པའི་སྐོར་མང་གཙོ་ཀ་བ་གསུམ་ལ་འབོད་སྐུལ་ཞུ་རྒྱུ།
༡༠། བོད་པའི་གསར་ཁང་རྣམས་མང་གཙོའི་བཀག་རྡོ་ལྟ་བུ་ཕྱོགས་རིས་དང་འཐེན་འཁྱེར་ནང་མ་ཚུད་པར་སྤྱི་པའི་རྩ་དོན་ཆེད་དགོངས་པ་ཆེ་བཞེས་ཀྱིས་ཕྱོགས་ཡོངས་ཀྱི་གནས་ཚུལ་རྣམས་འགོད་ཐབས་བྱེད་དགོས་གལ་སྐོར་དྲན་སྐུལ་བྱ་རྒྱུ།
༡༡། རང་བཙན་ལྟ་བ་འཛིན་མཁན་གྱི་ཚོགས་པ་རྣམས་འབྲེལ་ལམ་དམ་ཟབ་དང་འཐབ་རྩོད་ལ་ནུས་པ་ལྡན་པ་ཡོང་ཆེད་ཕན་ཚུན་གུ་བཤང་བྱེད་གལ་ཆེ་བ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༣ ལོར་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་མཉམ་དུ་འབྲེལ་བ་མི་བྱེད་རྒྱུའི་གྲོས་ཆོད་བཞག་པ་དེ་ཉིད་ངེས་པར་དུ་ཕྱིར་འཐེན་ཡོང་བའི་འབོད་སྐུལ་ཞུ་རྒྱུ།
མཐའ་དོན། བོད་རང་བཙན་གཙང་མ་མྱུར་དུ་ཐོབ་སྟེ་གཞིས་བྱེས་བོད་མི་ཡོངས་རྫོགས་མཉམ་འཛོམས་ཀྱི་ཉིན་མོ་འཆར་རྒྱུ་དང་། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཞབས་སོར་མགྱོགས་ནས་མྱུར་དུ་འཐོབ་པའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ་རྒྱུ་དང་བཅས། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་ནས་ཕྱི་ལོ་ ༢༠༢༣ ཟླ་ ༠༨ ཚེས་ ༡༩ ཉིན། རྒྱ་གར་རྒྱལ་ས་ལྡི་ལི་ནས། བོད་རྒྱལ་ལོ།། བོད་རང་བཙན་རྒྱལ་ལོ།། །།