རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོའི་རྨི་ལམ་གྱི་ཡོལ་བ།
ཟླ་འདིའི་ཚེས་༢༦ ཉིན་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་ཐེངས་༤༢ པ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་དྷ་སར་སྲུང་བརྩི་བྱས་ཡོད་པ་དང་། ཉན་མོ་དེ་ནི་༡༩༨༤ ལོར་འཛམ་གླིང་མནར་གཅོད་འགོག་པའི་ཉིན་མོར་གཏན་འབེབས་བྱས་པ་ཞིག་ཡིན་པ་རེད།
ཉིན་དེར་བོད་ནང་ལ་རྒྱ་ནག་གིས་དྲག་གནོན་མནར་གཅོད་དང་འབྲེལ་ནས་རྨི་ལམ་གྱི་ཡོལ་བ་ཞེས་པའི་བརྗོད་གཞིའི་འོག རི་མོ་དང་སྙན་ངག་སོགས་བྲིས་པ་དང་། བོད་མིའི་རྒྱ་རྒོལ་རང་སྲེག་སྐོར་གྱི་གློག་བརྙན་ཞིག་བསྟན་ཡོད་པ་རེད།
ཉིན་དེར་དགུ་བཅུ་གསུམ་ཚོགས་པའི་ངོས་གནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “ཉིན་མོ་འདི་སྲུང་བརྩི་ཞུ་བའི་དམིགས་ཡུལ་ནི་འདས་པའི་ལོ་ངོ་མང་པོའི་རིང་འཛམ་གླིང་འདིའི་ཐོག་བཙན་གནོན་གདུག་རྩུབ་ཀྱི་མི་སེར་སྤེལ་བའི་རིང་ལུགས་དང་། མི་རིགས་དབྱེ་འབྱེད། ཆོས་ལུགས་དབྱེ་འབྱེད། སྐད་ཡིག་དང་རིག་གཞུང་དབྱེ་འབྱེད་སོགས་དྲང་བདེན་མིན་པའི་ལམ་སྲོལ་གྱི་འོག་ནས་སྐྱེ་བོ་མང་པོ་ཞིག་ལ་མནར་གཅོད་ཚད་ལས་འདས་པ་ཕོག་ཡོད་པ་མ་ཟད། དུས་ད་ལྟ་ཡང་སྔར་བཞིན་གནས་ཡོད་པར་བརྟེན། གཟི་བརྗིད་དང་ལྡན་པའི་དེ་རང་གི་ཉིན་མོ་འདིར་ཁོ་ཚོས་མྱོང་བཞིན་པའི་བཙན་གནོན་ལ་གདུང་སེམས་མཉམ་བསྐྱེད་དང་སྦྲགས་འཛམ་གླིང་འདིའི་ཐོག་བསྐྱར་དུ་མནར་གཅོད་ཀྱི་དུས་རབས་མི་ཡོང་བའི་རེ་འབོད་ཞུ་བཞིན་ཡོད་”ཅེས་འཁོད་འདུག
གསལ་བསྒྲགས་དེའི་ནང་བོད་ནང་གི་གནས་སྟངས་སྐོར་འཁོད་དོན། “བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་གནས་གང་སར་རྒྱ་ནག་གཞུང་གིས་དམག་མི་དང་ཉེན་རྟོག་པ་བཀྲམ་ནས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་སོ་བལྟ་བྱེད་བཞིན་ཡོད་པ་མ་ཟད། གྲོང་ཁྱེར་དང་གྲོང་བརྡལ་གྱི་སྲང་ལམ་དང་ཁྲོམ་གཞུང་གང་སར་གསང་བའི་པར་ཆས་བཙུགས་ནས་སོ་བལྟ་བྱེད་ཀྱི་ཡོད། གནས་སྟངས་འདི་དག་མཐོང་སྐབས་ད་ལྟའི་བོད་ནང་གི་གནས་སྟངས་དེ་ཇི་ལྟ་བུའི་ཛ་དྲག་ཅིག་ཡིན་པ་རང་བཞིན་གྱིས་ཤེས་རྟོགས་ཐུབ་ཀྱི་ཡོད་རེད་ལ། བོད་ཀྱི་རིས་མེད་དགོན་སྡེ་ཁག་དང་གཞི་རིམ་གྲོང་གསེབ་ཁག་གི་ནང་རྒྱ་ནག་གཞུང་གིས་ལས་དོན་ཚོགས་ཆུང་ཟེར་བ་མངགས་གཏོང་བྱས་ཏེ། ཆབ་སྲིད་ཀྱི་སློབ་གསོ་དྲིལ་བསྒྲགས་དང་བཙན་གནོན་གྱི་ལས་འགུལ་ཁག་སྔར་བས་སྤེལ་བཞིན་ཡོད་པ་རེད། བོད་མི་ཚོ་རྒྱ་ནག་གཞུང་གི་ལས་འགུལ་དེ་དག་ལ་མཉམ་ཞུགས་མ་བྱས་པའམ་ཡང་ན་རྣམ་འགྱུར་ཡག་པོ་མ་བསྟན་པ་ཙམ་གྱིས་ཀྱང་འཇུ་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་དེ་ནི་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཆགས་ཡོད་”ཅེས་སོགས་འཁོད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།