རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐེངས་༦༩ པའི་ཐོག་ཞུ་འབོད་ལས་འགུལ།
བོད་ནང་གི་དགོན་སྡེ་ཁག་ལ་བཙན་ཤེད་ཐོག་རྒྱལ་ཞེན་སློབ་གསོ་སྤེལ་བ་དང་། ༧གོང་ས་མཆོག་ལ་ངོས་ལེན་མེད་པའི་མིང་རྟགས་འགོད་འཇུག་པ། ༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པ་བཟོ་བཞིན་ཡོད་པ་བཅས་ནི་འགྲོ་བ་མིའི་ཐོབ་ཐང་གི་ནང་ཚན་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པའི་མངོན་རྟགས་གསལ་པོ་ཡིན་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྒྲགས་གཏམ་ནང་འཁོད་འདུག
ཟླ་འདིའི་ཕྱི་ཚེས་༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐེངས་༦༩ པ་དང་སྟབས་བསྟུན་ནས། དྷ་ས་མེག་གྷན་ནས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། དཀའ་སྡུག་མྱོང་བཞིན་ཡོད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲན་གསོ་གཏོང་ཕྱིར་པར་རིས་ཀྱི་ཐོག་ནས་ལས་འགུལ་ཞིག་སྤེལ་སོང་།
དེ་ཡང་ལས་འགུལ་གྱི་རྣམ་པ་ནི་༧གོང་ས་མཆོག་གི་སྐུ་པར་དང་། སྤྱི་ཚོགས་དྲ་རྒྱ་(Instagram) སོགས་རྒྱ་ནག་གཞུང་གིས་བཀག་སྡོམ་བྱེད་ཀྱི་ཡོད་པ་པར་རིས་ཀྱི་ཐོག་ནས་གསལ་པོར་བསྟན་ནས། བོད་ནང་ལ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་རྣམ་པ་མཚོན་གྱི་ཡོད་པ་རེད་འདུག
སྐབས་དེར་ལས་འགུལ་འགོ་ཁྲིད་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་རིག་འཛིན་ཆོས་སྒྲོན་གྱིས་“འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་འདིར་ང་ཚོས་འཛམ་གླིང་གི་རྒྱལ་ཁབ་རྣམས་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཚང་མ་ལ་རྒྱ་ནག་གིས་བོད་ནང་དུ་ཆོས་དང་རིག་གནས་ཐོག་དྲག་གནོན་བསྟུད་མར་སྤེལ་བཞིན་པ་ལ་ཉེས་འཛུགས་ཆེན་པོ་ཞིག་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད། བོད་མིའི་རེ་འདོད་བོད་རང་དབང་ཐོབ་རྒྱུ་དང་༧གོང་ས་མཆོག་བོད་ལ་ཕྱིར་གདན་འདྲེན་ཞུ་ཐུབ་པ་ཡོང་བར། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ངེས་པར་དུ་མཉམ་འབྲེལ་གྱིས་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཕྱོགས་ཡོངས་ནས་བརྡ་ལན་ཞིག་སྤྲོད་ཐུབ་པ་བཟོ་དགོས་”ཞེས་བརྗོད་སོང་།
བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤེལ་བའི་བསྒྲགས་གཏམ་ནང་། ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་ད་བར་རྒོལ་རྡུང་བསྟུད་མར་གཏོང་བཞིན་ཡོད་ཁར། རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་ཇུས་འོག་ནས་བོད་ནང་གི་གནས་སྟངས་ཇེ་སྡུག་འགྲོ་བཞིན་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་དང་། རིག་གཞུང་རྩ་གཏོར། ཆོས་ལུགས་ལ་སྡང་འཛིན། ཁོར་ཡུག་གཏོར་སྐྱོན་སོགས་ཀྱིས་མཚོན་པའི་བརྟན་ལྷིང་རྒྱུན་འཁྱོངས་ཟེར་བའི་ཐོག་ནས་བོད་པ་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ་དང་། དེར་ངོ་རྒོལ་དུ་བོད་ནས་ཉུང་མཐར་བོད་མི་༡༥༠ ཡིས་རང་ལུས་མེར་སྲེག་བྱས་ཏེ་བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་འཇུག་དགོས་པའི་འབོད་སྒྲ་བསྒྲགས་ཡོད་སྐོར་བཅས་འཁོད་འདུག་པ་མ་ཟད། གཞན་ཡང་བསྒྲགས་གཏམ་ནང་བོད་གསེར་རྟ་བླ་རུང་སྒར་རྒྱ་ནག་གིས་གཏོར་བཤིག་བཏང་བའི་སྐོར་དང་། བོད་ནང་གི་དགོན་སྡེ་ཁག་ལ་བཙན་ཤེད་ཐོག་རྒྱལ་ཞེན་སློབ་གསོ་སྤེལ་བ་དང་། ༧གོང་ས་མཆོག་ལ་ངོས་ལེན་མེད་པའི་མིང་རྟགས་འགོད་འཇུག་པ། ༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པ་བཟོ་བཞིན་ཡོད་པ་དང་། དེ་དག་ནི་ཆོས་ལུགས་ལ་གཉའ་གནོན་བྱེད་ཀྱི་ཡོད་པའི་མངོན་རྟགས་གསལ་པོ་ཞིག་ཡིན་སྐོར་སོགས་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།