རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་ཆེན་མོ་གཉིས་མཇུག་བསྒྲིལ་བ།

ཏོག་དབྱིབས་ནད་དུག་གི་གནས་སྟངས་མུ་མཐུད་ནས་ཛ་དྲག་གནས་བཞིན་ཡོད་ཀྱང་། ཡུ་རོབ་དང་ལྷོ་ཨ་མི་རི་ཀ་གཉིས་ཀྱི་ནང་དུ་རྐང་སྤོལ་འགྲན་སྡུར་བྱས་ཏེ། མཐའ་མ་དེར་ཡུ་རོབ་ཀྱི་མཐའ་མའི་རྒྱལ་ཁ་དེ་ཨི་ཊ་ལི་རུ་ཁག་ལ་ཐོབ་ཡོད་པ་དང་། ལྷོ་ཨ་མི་རི་ཀའི་འགྲན་སྡུར་གྱི་མཐའ་མའི་རྒྱལ་ཁ་དེ་ཨར་ཇིན་ཀྲི་ནར་ཐོབ་ཡོད་པ་རེད། 

ཨི་ཊ་ལིའི་རུ་ཁག

དེ་ཡང་ཟླ་༧ པའི་ཚེས་༡༡ ཉིན་ཡུ་རོབ་རྒྱལ་ཁབ་ཀྱི་རྐང་སྤོལ་འགྲན་སྡུར་ཁྲོད་མཐའ་མའི་རྩེད་འགྲན་དེ་དབྱིན་ཡུལ་དང་ཨི་ཊ་ལི་རུ་ཁག་བར་བྱས་ཡོད་པ་དང་། མཐའ་མའི་གྲུབ་དོན་དེ་ཨི་ཊ་ལི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། དེ་ཡང་ཐེངས་འདིའི་རྩེད་འགྲན་སྐབས་སུ་དབྱིན་ཡུལ་རུ་ཁག་གིས་ལོ་ངོ་༥༥ ཡི་རྗེས་སུ་ཐེངས་དང་པོར་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ཆེན་མོ་ཞིག་གི་རྒྱལ་ཁ་བླངས་ཐུབ་རྒྱུར་རེ་བ་ཆེན་པོ་བྱས་ཡོད་ཀྱང་། མཐའ་མའི་རྒྱལ་ཁ་དེ་ཨི་ཊ་ལི་རུ་ཁག་གིས་བླངས་ཡོད་པ་རེད། དེ་ཡང་རྩེད་འགྲན་གྱི་དུས་ཡུན་མཇུག་བསྒྲིལ་སྐབས་ཕྱོགས་གཉིས་ཀས་སྤོ་ལོ་གཅིག་རེ་བླུགས་ཡོད་པས། མཐའ་མ་དེར་ཆད་འགེལ་ཐིག་མཚམས་ནས་ཐད་རྡོག་(Penalty Kick)བཞུ་རེས་བྱས་ཏེ། མཐའ་མ་དེར་ཨི་ཊ་ལི་ཡིས་སྤོ་ལོ་གསུམ་བླུགས་པ་དང་དབྱིན་ཡུལ་གྱིས་གཉིས་བླུགས་ནས། ཨི་ཊ་ལི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། 

ཕྱི་ལོ་༢༠༡༨ ལོའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ཆེན་མོའི་ནང་དུ་ཨི་ཊ་ལི་རུ་ཁག་མ་ཚུད་ནས་བློ་ཕམ་ཆེན་པོ་བྱུང་ཡོད་ཀྱང་། ཐེངས་འདིར་ཡུ་རོབ་རྒྱལ་ཁབ་བར་གྱི་རྐང་སྤོལ་རྩེད་འགྲན་ཆེན་མོའི་མཐའ་མའི་རྒྱལ་ཁ་བླངས་ཐུབ་པ་དེ་ནི། ལོ་ངོ་ཁ་ཤས་ནང་རུ་ཁག་དེ་ཡར་རྒྱས་ཆེན་པོ་སོང་ཡོད་པ་གསལ་པོ་ཆགས་ཡོད་ཁར། ཕྱི་ལོ་༢༠༢༢ ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཆེན་མོར་རུ་ཁག་དེས་གྲུབ་འབྲས་ཡག་པོ་བླངས་སྲིད་པ་དང་།རྒྱབ་སྐྱོར་དང་རེ་བ་བྱེད་མཁན་ཡང་མང་དུ་འགྲོ་རྒྱུ་ཡིན་འདུག 

ཟླ་༦ པའི་༡༢ ནས་ཟླ་༧ པའི་ཚེས་༡༢ བར་ཡུ་རོབ་རྒྱལ་ཁབ་༡༡ གི་གྲོང་ཁྱེར་༡༡ ནང་དུ། ཡུ་རོབ་ཀྱི་རྒྱལ་ཁབ་༢༤ ཡི་བར་དུ་རྐང་སྤོལ་རྩེད་འགྲན་བྱས་ཡོད་པ་རེད་འདུག 

རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ཆེན་མོ་གཞན་ཞིག་ནི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བར་གྱི་རྐང་སྤོལ་འགྲན་སྡུར་ཆེན་མོ་དེ་ཡིན་པ་དང་། འགྲན་སྡུར་ཆེན་མོ་དེ་ནི་བྷེ་ར་ཛིལ་དུ་ཟླ་༦ པའི་ཚེས་༡༣ ནས་ཟླ་༧ པའི་ཚེས་༡༠ བར་འཚོགས་ཡོད་པ་དང་། མཐའ་མའི་རྩེད་འགྲན་དེ་བྷེ་ར་ཛིལ་

ཨར་ཇིན་ཀྲི་ནའི་རུ་ཁག

དང་ཨར་ཇིན་ཀྲི་ན་རུ་ཁག་བར་བྱས་ནས། མཐའ་མའི་གྲུབ་དོན་དུ་ཨར་ཇིན་ཀྲི་ནས་སྤོ་ལོ་གཅིག་བླུགས་ནས་རྒྱལ་ཁ་བླངས་ཡོད་པ་རེད། རྩེད་འགྲན་འཚོགས་ཡུལ་གྱི་རྒྱལ་ཁབ་བྷེ་ར་ཛིལ་ནང་དུ་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཛ་དྲག་ཆེན་པོ་ཡོད་རྐྱེན། འགྲན་སྡུར་སྐབས་སུ་ལྟད་མོ་ལྟ་མཁན་མེད་པའི་ཐོག་ནས་རྩེད་འགྲན་བྱས་ཡོད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ།