རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཞིབ་འཇུག་ཚོགས་འདུ་དབུ་འཛུགས།
ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༤ ཉིན་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་སྒེར་གྱི་དྲ་རྒྱ་དང་བརྒྱུད་ལམ་གཞན་དག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རུ་ན་ཅལ་མངའ་སྡེའི་ཆོས་རིག་ལས་ཁུངས་དང་། ཐུབ་བསྟན་བཤད་སྒྲུབ་གླིང་ཐེབས་རྩ་ཁང་། དེ་བཞིན་མངའ་སྡེའི་རིག་གཞུང་ཉམས་ཞིབ་དང་ཡིག་ཚགས་ལས་ཁུངས་བཅས་གསུམ་གྱི་གོ་སྒྲིག་འོག ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་དུ་༧རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་གནང་ཡོད་འདུག སྐབས་དེར་བོད་པ་དང་ཕྱི་རྒྱལ་བ་ལོ་རྒྱུས་དང་རྩོམ་རིག་སོགས་ཀྱི་མཁས་པ་དང་། གཞན་ཡང་ཧི་མ་ལ་ཡའི་མཁས་པ་མང་པོ་ཞིག་ཚོགས་ཆེན་དུ་ཕེབས་ནས་བགྲོ་གླེང་འགོ་བཙུགས་གནང་ཡོད་འདུག མཛད་སྒོ་དབུ་འབྱེད་སྐབས་སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་དང། དམིགས་བསལ་སྐུ་མགྲོན་དུ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་རྣམ་གཉིས་གཙོས་པའི་ཕྱི་ནང་གི་མཁས་པ་མང་པོ་ཞིག་ཕེབས་ནས་མཛད་སྒོ་དབུ་འཛུགས་གནང་འདུག

ཚོགས་འདུ་དེ་ནི་ཚེས་༣ ནས་ཚེས་༦ བར་ཉིན་གྲངས་བཞིའི་རིང་འཚོག་འཆར་ཡོད་འདུག་པ་དང། ཚོགས་ཆེན་འདི་གོ་སྒྲིག་བྱེད་དགོས་པའི་དོན་གཙོ་བོ་ནི། ༧རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ཕྱི་ལོ་༡༦༨༣ ལོ་མོན་ཡུལ་དུ་སྐུ་འཁྲུངས་ཤིང་། ལོ་རྒྱུས་ཁྲོད་མི་སྣ་གལ་ཆེན་ཞིག་ཆགས་ཡོད་ནའང་། ད་བར་ཁོང་གི་ལོ་རྒྱུས་སོགས་ཀྱི་ཐོག་ཚོགས་ཆེན་ཞིག་འཚོག་ཐུབ་མེད་པར་བརྟེན། འཛམ་གླིང་གང་ས་ནས་མཁས་དབང་རྣམས་གདན་ཞུས་ཀྱིས་ཁོང་གི་མཛད་འཕྲིན་གླེང་རྒྱུ་དང་གསུང་འབུམ་པར་སྐྲུན་ཞུ་རྒྱུ་ཡིན་འདུག
མཛད་སྒོའི་སྐབས་སུ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས། ཐེངས་འདིའི་ཚོགས་འདུ་ནི་ཧ་ཅང་གལ་ཆེན་པོ་དང་ལོ་རྒྱུས་རང་བཞིན་ལྡན་པའི་མཛད་རིམ་ཞིག་ཆགས་ཡོད་པ་རེད། ཚོགས་འདུ་འདི་ནི་རྒྱལ་སྤྱིའི་རང་བཞིན་གྱི་༧རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་དེ་ཡིན། རྒྱུ་མཚན་ནི་རྒྱལ་སྤྱིའི་ཐོག་ཏུ་༧རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མོན་དུ་སྐུ་འཁྲུངས་ཡོད་པའི་སྐོར་མཁྱེན་མཁན་ཧ་ཅང་དཀོན་པོ་ཡིན་པ་དང་། མོན་པ་དང་དགའ་ལྡན་ཕོ་བྲང་བར་དམིགས་བསལ་གྱི་འབྲེལ་ལམ་ཞིག་ཡོད། རྒྱུ་མཚན་ནི་༧རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོའི་ལམ་སྟོན་འོག་རྟ་དབང་དགོན་པའམ་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པ་ཕྱག་བཏབ་ཡོད་པ་རེད། དེའི་རྗེས་སུ་༧རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མོན་དུ་སྐུ་འཁྲུངས་ནས། ང་ཚོ་མོན་པ་རྣམས་ལ་མཚོན་ན་ཧ་ཅང་སྐལ་པ་བཟང་པོ་དང་བསོད་ནམས་ཆེན་པོ་རེད། དེ་བཞིན་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ནས་ཕེབས་སྐབས་མོན་རྟ་དབང་བརྒྱུད་ནས་ཕེབས་ཡོད་པས། ང་ཚོ་མོན་པ་དང་༧གོང་ས་མཆོག་སྐུ་ཕྲེང་རིམ་བྱོན་བར་འབྲེལ་ལམ་དམིགས་བསལ་ཞིག་ཡོད་ཅེས་བརྗོད་འདུག ཁོང་གིས་ད་དུང་། མ་འོངས་པར་༧གོང་ས་མཆོག་གི་སྐུའི་ཡང་སྲིད་དེ་བཞིན་དགའ་ལྡན་ཕོ་བྲང་གིས་ཐག་གཅོད་གནང་རྒྱུ་ལས། རྒྱ་ནག་གཞུང་གིས་ཡང་སྲིད་ཐད་ཐེ་བྱུས་བྱས་ཚེ་དེར་སུས་ཀྱང་ངོས་ལེན་བྱེད་མི་སྲིད། རྒྱུ་མཚན་ནི་འདི་ལོ་༧གོང་ས་མཆོག་གིས་གསལ་པོར་གསུངས་ཟིན་པ་དང་། ཁོང་གི་མ་འོངས་པའི་ཡང་སྲིད་དེ་དགའ་ལྡན་ཕོ་བྲང་ནས་ཐག་གཅོད་གནང་རྒྱུ་ལས་གཞན་སུ་ལའང་དབང་ཆ་མེད་ཅེས་གསུངས་ཡོད་པ་རེད་ཅེས་བརྗོད་འདུག
ཐེངས་འདིའི་ཚོགས་འདུའི་ཐོག་ཏུ་ཨ་རིའི་ཧར་ཝ་ཌི་ (Harvard) མཐོ་སློབ་གཙོས། ཉི་ཧོང་དང་ཨི་སི་རེལ་བཅས་ནས་གསུང་བཤད་གནང་མཁན་མཁས་པ་༩ དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། བོད་ཀྱི་དཔེ་མཛོད་ཁང་བཅས་ནས་དགེ་བཤེས་ལྷག་རྡོར་དང་། མཁས་དབང་བྱམས་པ་བསམ་གཏན། བེ་རི་འཇིགས་མེད་དབང་རྒྱལ། ལོ་རྒྱུས་མཁས་དབང་བཀྲ་ཤིས་ཚེ་རིང་། ཚེ་རིང་ཤཱཀྱ། རྣམ་རྒྱལ་གྲྭ་ཚང་སློབ་གྲྭའི་སློབ་སྤྱི་དང་ཐུབ་བསྟན་ཡར་འཕེལ་སོགས་ཕེབས་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
