རྒྱུ་མཚན་ལས་སྟོབས་ཤུགས་གཙོ།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༧༨།

དེང་སྐབས་འཛམ་གླིང་ཤར་ནུབ་ཀུན་ཏུ་དམག་འཁྲུག་ཆེ་ཆུང་སྣ་ཚོགས་ཤིག་ཡོད་པ་དང་། དམག་འཁྲུག་དེ་དག་ཞི་འཇམ་ཡོང་ཆེད་གྲོས་མོལ་གྱི་བརྒྱུད་རིམ་མང་པོ་ཞིག་འགྲོ་བཞིན་ཡོད། དཔེར་ན་ར་ཤི་ཡ་དང་ཡུག་རེན་གྱི་དམག་འཁྲུག་མཚམས་འཇོག་ཡོང་ཆེད་ཨ་རིའི་སྲིད་འཛིན་ཊོམ་གྱིས་གྲོས་གཞི་དོན་ཚན་༢༨ ཅན་ཞིག་ཡུ་རོབ་དང་། ཡུག་རེན་ལ་གོ་བསྡུར་མ་བྱས་པར་ར་ཤི་ཡ་དང་གསང་བའི་ཐོག་ནས་གྲོས་བསྡུར་གྱིས་ར་ཤི་ཡའི་དགོས་འདུན་གཙོ་བོར་བཟུང་ནས་བཏོན་ཡོད་ཀྱང་། ཡུག་རེན་གྱི་ས་ཆ་མང་པོ་ཞིག་ར་ཤི་ཡར་སྤྲོད་དགོས་པ་མ་ཟད། མ་འོངས་པར་ཡུག་རེན་གྱི་དམག་དཔུང་གོ་མཚོན་ཉུང་དུ་གཏོང་དགོས་པ་དང་། བྱང་ཆིངས་སྒྲིག་འཛུགས་(NATO)ཀྱི་ཁོངས་སུ་དུས་ནམ་ཡང་འཛུལ་མི་ཆོག་པ་སོགས་ར་ཤི་ཡའི་དགོས་འདུན་ཚང་མ་ཊོམ་གྱིས་ཁས་བླངས་ནས། ཡུག་རེན་ལ་དབང་ཡོད་ཀྱི་ཐོག་ནས་ཁས་ལེན་མ་བྱས་ཐབས་མེད་བཟོ་འཆར་བྱས་ཀྱང་། ཡུག་རེན་དང་ཡུ་རོབ་ཀྱིས་ཁས་མ་བླངས་པར་ཊོམ་དང་པུ་ཊིན་གྱི་ཐུན་མོང་གི་ཆ་རྐྱེན་ལ་ད་ལྟའི་ཆར་ལམ་ལྷོང་བྱུང་མེད།
ཊོམ་གྱིས་ཨ་རིའི་དཔལ་འབྱོར་དང་དམག་དོན་གྱི་སྟོབས་ཤུགས་ངོམ་ནས། རྒྱལ་ཁབ་ཆུང་ཁག་དང་། ལྷག་པར་དུ་གནས་སྐབས་ཨ་རི་ལ་ཚོང་གི་ཁེ་ཕན་མི་འདུག་བསམ་པའི་རྒྱལ་ཁབ་ཁག་ལ་སྒོ་ཁྲལ་སྤར་རྐྱང་བྱས་པ་དང་། དམག་དོན་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བའི་རྒྱ་ནག་དང་། ར་ཤི་ཡར་སྐབས་རེ་ཁ་རྒྱགས་པ་རེ་བཤད་ཡོད་ནའང་། དོན་དུ་ངོ་དགའ་སྤྲེལ་ལད་འབའ་ཞིག་ལས་གནོན་ཤུགས་གང་ཡང་སྤྲོད་ཐུབ་ཀྱི་མེད། དེར་བརྟེན་ཡུག་རེན་ནི་ཊོམ་གྱིས་ར་ཤི་ཡར་འབུལ་རྒྱུའི་ལག་རྟགས་ཙམ་དུ་བརྩིས་ཡོད་ནའང་། ཡུག་རེན་དང་ཡུ་རོབ་ཀྱིས་ཁས་ལེན་མ་བྱས་པར་བརྟེན་གནས་སྐབས་ཊོམ་དང་པུ་ཊིན་གྱི་ཕར་སྤྲོད་ཚུར་ལེན་ལ་འགྲུབ་འབྲས་ཐོབ་མེད། འོན་ཀྱང་ཡུ་རོབ་ཀྱིས་རང་ཉིད་ཀྱི་ཁེ་ཕན་ལ་བརྟེན་ནས་ཡུག་རེན་གྱི་རྒྱབ་ཏུ་ལངས་ཡོད་ཀྱང་། ཡུན་རིང་དམག་འཁྲུག་བྱས་ན་མཐར་ཐུག་གི་རྒྱལ་ཁ་སུ་ལ་འཐོབ་ཐུབ་མིན་བཤད་དཀའ། གང་ལྟར་གྲོས་མོལ་ག་འདྲ་ཞིག་བྱས་ནའང་ཕྱོགས་གཅིག་ལ་ནུས་པ་ཆེན་པོ་མེད་ན་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཕལ་ཆེར་མེད་པ་ལྟ་བུ་རེད།
གྲོས་མོལ་ག་འདྲ་ཞིག་ཡིན་ནའང་དང་པོ་ནས་དགྲ་ཕྱོགས་ཀྱི་ཆ་རྐྱེན་ཁས་བླངས་ཟིན་ན། རྗེས་སུ་གྲོས་མོལ་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད། དཔེར་ན་བོད་རྒྱ་གྲོས་མོལ་དེ་མདུན་ཅོག་ཏུ་མ་སླེབས་གོང་ནས་བོད་པས་རྒྱ་གཞུང་གི་ཆ་རྐྱེན་གཞིར་བཟུང་བོད་རང་བཙན་སླར་གསོ་བྱ་རྒྱུ་མིན་པ་ཁས་ལེན་བྱས་ཟིན་པ་རེད། དེ་ལ་བརྟེན་ནས་རྒྱ་གཞུང་གི་དགོས་འདུན་དེ་འགྲུབ་ཟིན་པས་མུ་མཐུད་བོད་པ་དང་མཉམ་དུ་གྲོས་མོལ་བྱེད་དགོས་པའི་རྒྱུ་མཚན་གང་ཡང་ལྷག་མེད། རྒྱ་གཞུང་ལ་དགོས་པ་དེ་མ་འོངས་པར་བོད་རྒྱ་ནག་གི་ཆ་ཤས་བྱས་ནས་སྡོད་རྒྱུ་ལས་ཁ་བྲལ་དུ་འགྲོ་རྒྱུ་མིན་པ་དེ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ཁས་ལེན་བྱེད་དགོས་པ་དེ་ཡིན། དེ་ཁས་ལེན་བྱས་ཟིན་པས་བོད་རྒྱའི་གནད་དོན་བསྐྱར་དུ་གྲོས་མོལ་གྱི་མདུན་ཅོག་ཏུ་སླེབས་དགོས་པ་དེ་རྒྱ་གཞུང་གིས་གནད་འགག་ཅིག་ཏུ་མི་བརྩི་བ་རེད། མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་རྒྱ་གཞུང་ལ་གནོན་ཤུགས་ཆེན་པོ་ཞིག་སྤྲོད་ཐུབ་ན་བོད་རྒྱ་གྲོས་མོལ་གྱི་གོ་སྐབས་ཤིག་ཡོང་སྲིད་པ་ལས་གཞན་ཁག་པོ་རེད།
ད་ལྟའི་དུས་ཚོད་འདིར་ནུས་པ་དང་སྟོབས་ཤུགས་ཡོད་ན་རྒྱུ་མཚན་གང་ཡང་མེད་ཀྱང་རྒྱལ་ཁ་འཐོབ་ངེས་རེད། དཔེར་ན་ར་ཤི་ཡས་ཡུག་རེན་ལ་བཙན་འཛུལ་བྱས་པ་དེ་ཧམ་ཤེད་ཁོ་ན་ཡིན་པ་དང། སྔོན་མ་ཨུ་རུ་སུའི་སྐབས་ཀྱི་རྡུལ་ཕྲན་མཚོན་ཆ་རྣམས་ཡུག་རེན་དུ་ཡོད་ཀྱང། སྐབས་དེར་ར་ཤི་ཡ་དང་ཨ་རི་ཐུན་མོང་ནས་ཆིངས་ཡིག་གི་ལམ་ནས་རྡུལ་ཕྲན་མཚོན་ཆ་དེ་དག་ར་ཤི་ཡར་སྤྲོད་དགོས་པ་དང། མ་འོངས་པར་ཡུག་རེན་གྱི་བདེ་འཇགས་ལ་ར་ཤི་ཡ་དང་ཨ་རི་གཉིས་ཀྱིས་འགན་ལེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང། ར་ཤི་ཡས་ཡུག་རེན་ལ་དམག་བརྒྱབ་པ་དང། ཊོམ་སྲིད་འཛིན་དུ་སླེབས་པ་ནས་བཟུང་ཨ་རིས་ཡུག་རེན་ལ་ཐུབ་ཚོད་དང་དབང་ཡོད་བཤད་པ་དང། ར་ཤི་ཡར་ངོ་དགའ་སྤྲེལ་ལད་འབའ་ཞིག་འཁྲབ་ཡོད། ཡུག་རེན་ལ་སྲུང་སྐྱོབས་བྱ་རྒྱུའི་ཁས་ལེན་བྱེད་མཁན་གཅིག་གིས་དམག་བརྒྱབ། གཅིག་གིས་དེ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་ལས། ཆིངས་ཡིག་གི་ནང་དོན་བརྩི་སྲུང་དང། དོན་དངོས་ཀྱི་ལོ་རྒྱུས་ལ་འགན་ཁུར་ནས་ཐག་གཅོད་ཡོང་ཐབས་གཏན་ནས་བྱེད་ཀྱི་མེད།
མདོར་ན་བོད་རྒྱའི་གནད་དོན་ཐག་གཅོད་ཡོང་ཐབས་སུ་གཙོ་བོ་བོད་པས་རྒྱ་གཞུང་ལ་གནོན་ཤུགས་ཆེན་པོ་ཞིག་སྤྲོད་ཐུབ་དགོས། གལ་སྲིད་གནོན་ཤུགས་སྤྲོད་རྒྱུའི་ནུས་པ་གཏན་ནས་མེད་ནའང་། བོད་རང་བཙན་སླར་གསོ་བྱ་རྒྱུའི་རེ་བ་དེ་མ་བརླགས་པ་བྱེད་དགོས། རེ་བ་དེ་ཡང་བརླགས་ཟིན་པའི་རྗེས་སུ་རྒྱ་གཞུང་གིས་བོད་ལ་ཤ་ཚ་སྙིང་རྗེ་གཏན་ནས་བྱེད་མི་སྲིད་ལ། བོད་དོན་དེ་རྒྱ་གཞུང་གི་ཁུར་པོ་ཞིག་ཏུ་གྱུར་མེད་ན་དེ་ལ་དོ་སྣང་སྤྲད་དགོས་པའི་རྒྱུ་མཚན་གང་ཡང་མེད། བོད་པར་རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་ཆེན་པོ་མེད་ཀྱང་གྲ་སྒྲིག་དང་རེ་བ་མ་བརླགས་པར་གནས་མ་ཐུབ་ན། ནམ་ཞིག་རྒྱུ་རྐྱེན་གང་ཞིག་གིས་རྒྱ་གཞུང་འཐོར་ཞིག་ཏུ་གྱུར་པའི་དབང་དུ་བཏང་ཡང་བོད་པའི་གོ་སྐབས་དམ་འཛིན་མི་ཐུབ་པར་མུ་མཐུད་ཧན་མི་རིགས་ཀྱི་གཉའ་ནོན་འོག་གནས་དགོས་ཐུག་ངེས་རེད། ཆབ་སྲིད་ཀྱི་འགལ་ཟླའི་ནང་དུ་སྟོབས་ཤུགས་ཆེ་ཆུང་གཙོ་བོར་འཛིན་པ་ལས་རྒྱུ་མཚན་དང་གནས་ལུགས་ལ་བརྩི་མཐོང་གང་ཡང་མེད་པར་བརྟེན་རེ་བ་བཟང་ས་ནས་བརྒྱབ་སྟེ་གྲ་སྒྲིག་སྡུག་ས་ནས་བྱེད་དགོས།།