རྟ་དབང་གནས་སྐོར་དང་བོད་དོན་ཞི་བའི་གོམ་བགྲོད་འགོ་འཛུགས་གནང་འདུག
རྟ་དབང་གནས་སྐོར་དང་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་གོམ་བགྲོད་ལས་འགུལ་ཐེངས་༧ པར་མི་གྲངས་༤༠༠ ཙམ་མཉམ་ཞུགས་ཀྱིས་འགོ་འཛུགས་གནང་འདུག
ཟླ་༡༡ པའི་ཚེས་༡༩ ཉིན་རྒྱ་གར་བྱང་ཤར་མངའ་སྡེ་ཨ་སམ་གྱི་གྲོང་ཁྱེར་ཆེ་ཤོས་གྷོ་ཝ་ཀྲིར། ལས་འགུལ་དེ་འགོ་འཛུགས་མཛད་སྒོ་འཚོགས་པ་དང་། དེར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་མུ་ཁཱི་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས། ཧིན་བོད་མཛའ་འབྲེལ་ཚོགས་པའི་འགན་འཛིན་སྐུ་ཞབས་ཨན་དེ་རེཤ་ཀུ་མར། རྒྱ་གར་རྐང་སྤོལ་རུ་ཁག་གི་རུ་དཔོན་ཟུར་པ་བུ་ཆུང་བྷོ་ཌི་ཡ་སོགས་ཕེབས་ཏེ། གྷོ་ཝ་ཀྲི་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་མོན་རྟ་དབང་བར་གནས་སྐོར་དང་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་གོམ་བགྲོད་ལས་འགུལ་འགོ་འཛུགས་བྱས་ཡོད་པ་རེད།
ལས་རིམ་དེའི་ཉིན་གཅིག་སྔོན་དུ་མངའ་སྡེའི་སྲིད་སྐྱོང་ཀྱིས་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཕེབས་བསུ་སྣེ་ལེན་མཚོན་ཆེད་དུ་དགོང་ཚིགས་གོ་སྒྲིག་གནང་འདུག་པ་དང་། སྐབས་དེར་མངའ་སྡེའི་སྲིད་སྐྱོང་གིས་གཙོས་སྐུ་མགྲོན་མི་སྣ་ཁག་གཅིག་གིས་གསུང་བཤད་གནང་བའི་ཁྲོད། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་གསུང་བཤད་གནང་སྐབས། ཁོང་གིས་འཕགས་བོད་གཉིས་དབར་གྱི་འབྲེལ་ལམ་ནི་ལོ་བརྒྱ་ཕྲག་དུ་མའི་འབྲེལ་བ་ཞིག་ཡིན་པ་དང་། བོད་མིའི་ཆོས་དང་རིག་གཞུང་དེ་ཡང་རྒྱ་གར་འཕགས་ཡུལ་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་ཆོས་ལས་བྱུང་བ་ཡིན་སྐོར་དང་། དེ་སྔ་ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་རྗེས་༧གོང་ས་མཆོག་གིས་དབུས་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་བ་ནས་བཟུང་། ད་བར་རྒྱ་གར་གཞུང་མང་གཉིས་ནས་མཐུན་འགྱུར་རོགས་རམ་རྒྱ་གང་ཆེ་གནང་ཡོད་པར་བརྟེན། བོད་མི་ཚོས་རྒྱ་གར་གྱི་བཀའ་དྲིན་དུས་རྟག་ཏུ་སེམས་ལ་ཉར་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད།
ལས་འགུལ་དེ་ཐོག་མར་ཕྱི་ལོ་༢༠༡༢ ལོར་འགོ་འཛུགས་གནང་འདུག་པ་དང་། གོ་སྒྲིག་གནང་མཁན་སྐུ་ཞབས་ཨན་དེ་རེཤ་ཀུ་མར་གྱི་འགོ་ཁྲིད་པའི་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་གནང་གི་ཡོད་འདུག ད་ཐེངས་ཀྱི་ལས་འགུལ་དེ་ཐེངས་བདུན་པ་ཆགས་ཀྱི་ཡོད་པ་དང་། ད་ལོར་རྒྱ་གར་གྱི་མངའ་སྡེ་ཁག་༢༠ ལྷག་ནས་མི་གྲངས་༤༠༠ ཙམ་མཉམ་ཞུགས་གནང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
