རྡ་སའི་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུ་བྱེད་བཞིན་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་ས་གནས་སོ་སོའི་ས་གནས་འགོ་འཛིན་དེ་འོས་བསྡུ་ལམ་ནས་འདེམས་དགོས་ཀྱི་ཡོད་ཀྱང་། ལ་དྭགས་དང་རྡ་ས་གཙོས་པའི་ས་གནས་ཁག་དྲུག་ལས་གཞན་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་ས་གནས་འགོ་འཛིན་འོས་བསྡུ་བྱེད་ཀྱི་མེད། འོན་ཀྱང་རྡ་ས་ས་གནས་འགོ་འཛིན་ལོ་མང་གོང་ནས་འོས་བསྡུའི་ལམ་ནས་འདེམས་ཀྱི་ཡོད་པ་བཞིན། དེ་རིང་རྡ་ས་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུ་བྱས་སོང་། 

དེ་རིང་ཕྱི་ཚེས་༢༠ ཉིན་རྡ་སའི་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུ་བྱེད་བཞིན་འདུག་ལ། རྡ་སའི་ཉེ་འཁོར་དུ་འོས་བསྡུ་བྱེད་སའི་ས་ཚིགས་ནི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་། གངས་ཅན་སྐྱིད་གཤོངས། བོད་ཀྱི་ཟློས་གར། གཙུག་ལག་ཁང་། ཤུག་གསེབ་བཙུན་དགོན། དྷ་སྟེང་བོད་ཁྱིམ། ས་རཱ་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་། རྒྱུད་སྟོད་དགོན་པ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། དྷ་ཤོད་བོད་ཁྱིམ་སློབ་གྲྭ། གོ་པལ་པུར་སློབ་གྲྭ། ཅ་མུན་ཌ་བཅས་སུ་རེད་འདུག ཐེངས་འདིའི་འོས་བསྡུའི་ཁྲོད་འོས་མི་ད་ལྟའི་ས་གནས་འགོ་འཛིན་ལས་ཐོག་དཀོན་མཆོག་མིག་དམར་དང་ཚོང་སྐྱིད་ཚོགས་ཟུར་ཚེ་རིང་དབྱངས་འཛོམས་འོས་མི་ལངས་རེད་མ་རེད་ཅེས་གསལ་ལ་མ་གསལ་ཞིག་འདུག བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་དོན་བརྒྱད་པའི་ནང་གསལ་ག་པའི་ནང་དུ། ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ཀྱི་འོས་བསྡུ།

ས་གནས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱས་ཁོངས་ནས་དགོངས་ཞུ་བྱས་རིགས་ཕུད། འོས་ཤོག་མང་ཐོན་རྩེ་བཏོག་གིས་འོས་གཞི་མི་གྲངས་༢ འདེམས་བསྒྲུགས་ཀྱིས་མཐའ་མའི་འོས་ཤོག་འཕེན་དགོས། གལ་སྲིད་འོས་གཞི་གཅིག་ལས་མེད་པ་དང་། དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་ས་གནས་འགོ་འཛིན་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་དང་། མེད་ཚེ་སྔོན་འགྲོའི་འོས་བསྡུའི་ལས་རིམ་བསྐྱར་དུ་བྱེད་དགོས་ཀྱི་ཡོད་པར་འཁོད་འདུག གལ་སྲིད་ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ཁྲོད་འོས་ལང་མཁན་མི་གཅིག་ལས་མེད་པ་དང་། དེ་ཡང་འོས་གྲངས་བརྒྱ་༥༡ ལས་མང་བའི་རྒྱབ་སྐྱོར་ཐོབ་ཚེ་ས་གནས་འགོ་འཛིན་ལ་འདེམས་ཐོན་བྱུང་བ་ངོས་འཛིན་གནང་གི་ཡོད་འདུག 

སང་ཉིན་ཞོགས་པའི་ཆུ་ཚོད་༡༠ རྗེས་སུ་འོས་ཀྱི་གྲངས་ཀ་བརྩིས་ནས། སང་ཉིན་ཕྱི་དྲོར་འོས་སུ་ལ་ཐོབ་ཡོད་མེད་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱེད་རྒྱུ་ཡིན་འདུག 

འདི་གའི་གསར་འགོད་པས། རྡ་སའི་ས་གནས་འགོ་འཛིན་གྱི་འོས་མི་དང་ལས་ཐོག་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལ་ཁྱེད་བསྐྱར་དུ་ས་གནས་འགོ་འཛིན་གྱི་འོས་མི་ལང་དགོས་པའི་དགོས་པ་དང་དམིགས་ཡུལ་གང་ཡོད་ཅེས་འདྲི་སྐབས། ཁོང་གིས་འདས་པའི་ལོ་གསུམ་རིང་རྡ་སའི་ས་གནས་འགོ་འཛིན་གནང་ཡོད་པ་དང་། འདས་པའི་ཉམས་མྱོང་ལ་བརྟེན་ནས་ས་གནས་རྒྱ་གར་གཞུང་དང་ལྷན་དུ་འབྲེལ་ལམ་མང་པོ་ཞིག་བཙུགས་ཡོད་པས། མ་འོངས་པར་བསྐྱར་དུ་འབྲེལ་ལམ་དེ་མུ་མཐུད་ནས་བཞག་སྟེ་ས་གནས་བོད་མིའི་བདེ་སྡུག་ཆེད་དུ་འབད་བརྩོན་གནང་རྒྱུ་ཡིན་པ་དང་། རྡ་སར་ཡོད་པའི་ཁྱིམ་ཚང་༢༠༠ ལྷག་ཙམ་ཞིག་དང་གཞུང་ལམ་གྱི་དཀའ་ངལ་སོགས་ཡོད་པས། དེ་དག་ལ་མུ་མཐུད་ནས་དཀའ་ངལ་བརྒྱབ་ནས་འགྲོ་དགོས་པ་ལས། མ་འོངས་པར་ངས་དེ་དང་འདི་བསྒྲུབ་རྒྱུ་ཡིན་ཟེར་ནས་ལབ་རྒྱུ་གང་ཡང་མེད་ཅེས་ལན་འདེབས་གནང་སོང་།

རྡ་སའི་ས་གནས་འགོ་འཛིན་གྱི་འོས་འཕེན་པ་ངག་དབང་འོད་འབར་གྱིས་ཁོང་གི་ངོས་ནས་ཐེངས་འདིའི་འོས་དེ་ས་འགོ་ལས་ཐོག་དཀོན་མཆོག་མིག་དམར་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཁོང་གིས་འདས་པའི་ལོ་གསུམ་རིང་ཕྱག་ལས་ཡག་པོ་གནང་ཡོད་ཅིང་། རྡ་སར་ཡོད་པའི་ལོ་རྒན་གཞོན་མེད་པ་ཚང་མས་ལས་ཐོག་ས་གནས་འགོ་འཛིན་གྱིས་མི་མང་དང་ལྷན་དུ་འབྲེལ་ལམ་གནང་ཕྱོགས་དང་། བདེ་སྡུག་ལ་ལྟ་རྟོགས་གནང་ཕྱོགས་སོགས་ཡག་པོ་ཡོད་པ་ཚང་མས་ངོས་འཛིན་གནང་གི་ཡོད་པ་རེད་ཅེས་བརྗོད་སོང་།

གསར་འགོད་པ། བསོད་ནམས་ཕུན་ཚོགས།