རྡུང་ལེན་པ་སྐལ་བཟང་ཡར་འཕེལ་ལ་ཁྲིམས་ཆད།

ཟླ་༡༡ ཚེས་༢༦ ཉིན་རྨ་ཆུའི་རྡུང་ལེན་པ་སྐལ་བཟང་ཡར་འཕེལ་གྱི་གླུ་གཞས་ནང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་མིང་འོག་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

mmexport1375960076541དེ་ཡང་༢༠༡༣ ཟླ་ ༧ ཚེས་ ༡༤ ཡས་མས་ཤིག་ལ་སྐལ་བཟང་ཡར་འཕེལ་ལྷ་ས་ནས་འཇུ་བཟུང་བཙན་ཁྲིད་བྱས་ཏེ།  ད་ལྟའི་ཆར་སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཁྲིན་ཏུའུ་ཡི་ ལྟ་སྲུང་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༢ ལོའི་བོད་ཟླ་ ༡༠ དང་ ༡༡ བཅས་སུ་གླུ་བ་སྐལ་བཟང་ཡར་འཕེལ་དང་བོད་ནང་གི་གཞས་བ་ཁག་ཅིག་མཉམ་རུབ་ཐོག  ༼ཁ་བའི་མེ་ཏོག༽ ཅེས་པའི་རིག་རྩལ་སྤྲོ་ཚོགས་ཤིག་བསྡུས་ཤིང་།   སྤྲོ་ཚོགས་དེའི་འོད་སྡེར་མཚོ་སྔོན་དང་ཀན་སུའུ། སུ་ཁྲོན། ཡུན་ནན་བཅས་བོད་ཁུལ་གྱི་ས་ཆ་མང་པོར་འགྲེམས་སྤེལ་བྱས་ཡོད་འདུག  དེ་་རྗེས་རྒྱ་གཞུང་གིས་ས་གནས་ཁག་ནང་འོད་སྡེར་དེ་ཕྱིར་བསྡུ་བྱས་ཡོད་པ་མ་ཟད། གླུ་བ་སྐལ་བཟང་ཡར་འཕེལ་གྱིས་སྤྲོ་ཚོགས་ཐོག་བླངས་པའི་༼བོད་པ་ཚོ༽ཞེས་པའི་གླུ་གཞས་དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པར་བསྙད་དེ།  ཁོང་སྔ་ཕྱིར་ཐེངས་འགར་ལྷ་སར་བཀག་ཉར་འདྲི་བརྩད་བྱས་ཡོད་པ་དང་།

གླུ་བ་སྐལ་བཟང་ཡར་འཕེལ་་གྱིས་ ༼གླིང་གེ་སར་རྒྱལ་པོའི་ཕ་ཡུལ༽དང་༼དགུང་ནས་འབྲུག་གྲགས་བྱུང་།༽ ༼གཡུ་འབྲུག་སྔོན་མོའི་འཁྱུག་རྩལ།༽ ༼དཔྱིད་དཔལ་བསུ་བའི་འབྲུག་སྒྲ།༽ ༼ ཉི་ཟེར་འབོད་པའི་གངས་རི།༽  ༼དེང་རབས་ཀྱི་བོད་པ།༽  ༼གངས་ཅན་བསུ་བའི་འབྲུག་སྒྲ།༽ ༼གྲགས་སྙན་གཡུ་འབྲུག་སྔོན་མོ།༽ ༼དེང་རབས་ཁུ་བྱུག་གི་འགྱུར་ཁུགས༽སོགས་གླུ་གཞས་ཆེད་བསྒྲིགས་སྒྲ་ཐག་དང་འོད་ སྡེར་མང་པོ་བོད་པའི་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱས་ཡོད་པ་མ་ཟད།    བོད་ནང་གི་གཞུང་དང་སྒེར་གྱི་གླུ་གཞས་སྤྲོ་ཚོགས་མང་པོའི་ནང་མཉམ་ཞུགས་བྱས་ མྱོངས་ཡོད་སྟབས།   བོད་རིགས་མང་ཚོགས་ཀྱིས་ཁོང་གི་གླུ་གཞས་ལ་དགའ་མོས་ཆེན་པོ་དང་།  ཁོང་ལ་བདུད་བྷེ་ཆུང་བ་དང་དེང་རབས་ཀྱི་ཁུ་བྱུག་གཞོན་ནུ་ཞེས་མཚན་བསྟོད་བསྔགས་བརྗོད་བྱེད་བཞིན་ཡོད་པ་རེད།

གླུ་བ་སྐལ་བཟང་ཡར་འཕེལ་གྱིས་བླངས་པའི་༼བོད་པ་ཚོ༽ ཞེས་པའི་གླུ་གཞས་ཀྱི་ཚིག་ནི།  ” བོད་པ་ཚོ། ང་ཚོའི་བོད་ཡིག་སྦྱོང་། བོད་སྐད་བཤད། བོད་ཀྱི་སྐད་དང་ཡི་གེ་སྦྱོང་བའི་འོས་འགན་ང་ཚོར་ཡོད། བོད་པ་ཚོ། ང་ཚོས་མཐུན་སྒྲིལ་བྱེད། མཐུན་སྒྲིལ་བྱེད། སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ།  བོད་པ་ཚོ། ང་ཚོས་སྙིང་སྟོབས་སྐྱེད། སྐྱིད་སྡུག་འདྲེས་མའི་ལོ་ཟླ་བསམ་ཏེ་ང་ཚོས་སྙིང་སྟོབས་སྐྱེད། བོད་པ་ཚོ། ང་ཚོས་བདེ་སྡུག་གླེང་། མ་འོངས་བོད་མིའི་མདུན་ལམ་བསམ་དེ་ང་ཚོས་ཕུགས་བསམ་འཚོལ། བོད་པ་ཚོ། ང་ཚོས་ལ་རྒྱ་འཛིན། ལ་རྒྱའི་ཕྲག་གདང་གཤིབ་སྟེ། ང་ཚོ་མདུན་དུ་བསྐྱོད། བོད་པ་ཚོ། ང་ཚོས་འབད་བརྩོན་བྱེད། དུས་རབས་གསར་བའི་བོད་པའི་རྒྱུད་འཛིན་ང་ཚོ་ཡིན། བོད་པ་ཚོ། ” ཞེས་འཁོད་ཡོད་ལ།  དོན་དངོས་ཐོག་གཞས་ཚིག་ཀྱི་ནང་དོན་ཐད་ནས་སོ་སོའི་སྐད་ཡིག་སྲུང་སྐྱོབ་དང་མི་ རིགས་མཐུན་སྒྲིལ་བྱེད་དགོས་པར་སྐུལ་མ་གནང་ཡོད་པ་མ་གཏོགས།  རྒྱ་གཞུང་གི་བཅའ་ཁྲིམས་དང་འགལ་བའི་ཆབ་སྲིད་ཀྱི་ནང་ཡོད་གང་ཡང་མེད་པ་རེད།
གླུ་བ་སྐལ་བཟང་ཡར་འཕེལ་ནི།  རྒྱ་གཞུང་གི་ད་ལྟའི་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་ན།  ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་རྨ་ཁུག་རྟ་ར་ནས་ཡིན་ལ།  ཁོའི་ཕ་མིང་ལ་མགོན་པོ་ཚེ་བརྟན་དང་མ་མིང་ལ་མ་ཁོ།  བཟའ་ཟླའི་མིང་ལ་ཚེ་འཛིན་དཔལ་མོ་བཅས་ཟེར་གྱི་ཡོད་འདུག།