རྡོ་རྗེ་གདན་དུ་བཞག་པའི་འབར་རྫས་ཀྱི་དམིགས་འབེན་༧གོང་ས་མཆོག་མིན་སྲིད་སྐོར་བརྗོད་འདུག
རྡོ་རྗེ་གདན་དུ་རྙེད་སོན་བྱུང་བའི་འབར་རྫས་གཉིས་པོ་དེ་༧གོང་ས་མཆོག་གི་ཕེབས་ལམ་དུ་བཞག་མེད་པས། དམིགས་འབེན་༧གོང་ས་མཆོག་མིན་སྲིད་པ་དང་། ནང་པ་ཚོ་ཡིན་སྲིད་སྐོར་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་ཡོད་འདུག
ཟླ་༡ པོའི་ཚེས་༢༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༢ པའི་ཚེས་༡༩ ཉིན་རྡོ་རྗེ་གདན་གྱི་མཆོད་རྟེན་དུ་འཛུལ་སའི་སྒོ་ཨང་༤ པའི་ཕྱི་ལོགས་སུ་དང་། (Maha Bodhi society)སིང་གྷ་ལའི་དགོན་པའི་ཁ་སྤྲོད་བཅས་གཉིས་སུ་འབར་རྫས་གཉིས་རྙེད་སོན་བྱུང་ཡོད་པ་དང་། ལམ་ཁ་དེ་གཉིས་བརྒྱུད་ནས་༧གོང་ས་མཆོག་ཕེབས་པའི་མཛད་འཆར་མེད་རྐྱེན་དམིགས་འབེན་དེ་ཁོང་མིན་སྲིད་པ་དང་ནང་པ་ཚོ་ཡིན་སྲིད་སྐོར། དེ་བཞིན་བྱ་སྤྱོད་དེ་སྤེལ་མཁན་སྔར་ཕྱི་ལོ་༢༠༡༣ ལོར་འབར་རྫས་བཞག་མཁན་གྱི་འཇིགས་སྐུལ་ཚོགས་པ་མིན་པར་གཞན་པ་ཞིག་ཡིན་སྲིད་པ། དེ་བཞིན་གལ་ཏེ་འབར་རྫས་གཉིས་པ་དེ་འཐོར་ཡོད་ཚེ། གནོད་སྐྱོན་ཀྱི་ཚད་གཞི་འབྲིང་བ་ཞིག་བཟོ་སྲིད་པ། རྟོག་ཞིབ་བརྙན་ལེན་ནས་དོགས་པ་ཟ་འོས་པའི་ས་གནས་ཀྱི་མི་འདྲ་བ་གསུམ་མཐོང་ཡོད་པ་དང་། དེ་དག་ལས་གཅིག་གིས་ཁུག་མ་ཞིག་འཁྱེར་ཡོད་སྐོར་དང་། འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་མཁན་དེ་དག་ལ་ས་གནས་ཀྱི་ཡུལ་མིའི་རོགས་པ་ཐོབ་ཡོད་སྲིད་སྐོར་གནས་ཚུལ་མཁོ་སྤྲོད་པས་བརྗོད་ཡོད་འདུག
རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བའི་ཉེ་འགྲམ་དུ་ཐོས་པའི་འབར་གས་ཀྱི་སྒྲ་དེ་ཐོག་མར་ཇ་དམ་གས་འཐོར་བྱུང་བའི་སྒྲ་ཡིན་སྐོར་བརྗོད་ཡོད་ཀྱང་། རྒྱ་གར་རྒྱལ་ཡོངས་རྟོག་ཞིབ་ལས་ཁང་(National Investigation Agency)གིས་འབར་གས་ཀྱི་སྒྲ་དེ་ནི་གསུང་ཆོས་ར་བའི་ཕར་ཕྱོགས་ཀྱི་ཇ་ཁང་ཞིག་ཏུ་ཇ་དམ་ནང་དུ་བཞག་པའི་འབར་རྫས་ཆུང་བ་ཞིག་འཐོར་ཡོད་སྐོར་བརྗོད་འདུག་ཀྱང་། རྡོ་རྗེ་གདན་གྱི་རྫོང་དཔོན་གྱིས་འབར་གས་ཀྱི་སྒྲ་དེ་འབར་རྫས་འཐོར་བ་ལས་བྱུང་བར་ཁས་ལེན་བྱས་མེད་འདུག
འབར་རྫས་གཉིས་རྙེད་སོན་བྱུང་བའི་གནད་དོན་ལྷག་རྗེས། རྒྱ་གར་རྒྱལ་ཡོངས་རྟོག་ཞིབ་ལས་ཁང་དང་བྷི་ཧར་མངའ་སྡེའི་འཇིགས་སྐུལ་རིང་ལུགས་པ་འཐབ་རྒོལ་ལས་ཁང་གཉིས་རྡོ་རྗེ་གདན་དུ་སླེབས་ནས་རྟོག་ཞིབ་བྱེད་འགོ་བཙུགས་ཡོད་པ་དང་། ཟླ་༡ པོའི་ཚེས་༢༡ ཉིན་རྟོག་ཞིབ་ལས་ཁང་གི་འབར་རྫས་ཚན་པས། འབར་རྫས་གཉིས་པོ་གཙང་པོ་ཞིག་ནང་བྱེ་མའི་འོག་ཏུ་བཅུག་ནས། གས་འཐོར་གྱི་ནུས་པ་སྟངས་འཛིན་འོག་ནས་ནུས་མེད་བཟོས་ཡོད་པ་དང་། གས་འཐོར་གྱི་ཤུལ་ལྷག་རྣམས་བརྟག་དཔྱད་བྱས་ནས། འབར་རྫས་དེ་དག་རྒྱུ་ཆ་ག་རེ་ལ་བརྟེན་ནས་བཟོས་པ་ཤེས་རྒྱུ་ཡིན་པ་དང་། དེ་ལས་འཇིགས་སྐུལ་བྱེད་མཁན་སུ་ཡིན་མིན་གྱི་ཁུངས་སྣེ་ཐོབ་རྒྱུ་ཡིན་པ་ཉེན་རྟོག་དཔོན་ཞིག་གིས་བརྗོད་འདུག་པ་དང་། ད་ལྟའི་ཆར་རྡོ་རྗེ་གདན་དུ་བདེ་སྲུང་གི་ལས་དོན་ཆེ་རུ་བཏང་ཡོད་པ་རེད་འདུག
འབར་རྫས་ཀྱི་གནད་དོན་དང་འབྲེལ་ནས་ལ་དྭགས་སུ་ཟླ་༡ པོའི་ཚེས་༢༡ ཉིན་ལ་དྭགས་ནང་པའི་ལྷན་ཚོགས་དང་དགོན་པའི་ལྷན་ཚོགས་ཀྱིས་འབོད་སྐུལ་ལྟར། སླེ་གཙོས་པའི་ས་གནས་ཆེ་ཁག་བཞི་རུ་ངོ་རྒོལ་གྱིས་ལས་མཚམས་བཞག་ནས་ཚོང་ཁང་སོགས་སྒོ་བརྒྱབ་ཡོད་འདུག་པ་དང་། རྒྱ་གར་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བཅས་སུ་ཞུ་ཡིག་སྤྲད་ནས། འབར་རྫས་ཀྱི་གནད་དོན་དེ་དབུས་རྟོག་ཞིབ་ལས་ཁང་(CBI)ལྟ་བུ་རང་དབང་ཅན་གྱི་རྟོག་ཞིབ་ལས་ཁང་ཞིག་གིས་ཞིབ་འཇུག་བྱེད་འཇུག་དགོས་པ་དང་། ལ་དྭགས་མི་མང་གིས་གནད་དོན་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ། གལ་ཏེ་འབར་རྫས་གཉིས་པོ་དེ་འཐོར་ཡོད་ཚེ། ཤི་རྨས་ཀྱི་གནད་དོན་ཆེན་པོ་བཟོ་རྒྱུ་ཡིན་པས། བདེ་སྲུང་གི་ལས་དོན་ལ་ལྷོད་གཡེངས་དེ་འདྲ་ཤོར་བ་ནི་སེམས་འཚབ་ཆེན་པོ་སྐྱེ་གཞི་ཞིག་ཡིན་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།