རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་དྲྭ་ཐོག་གི་ཐབས་ལམ།

ཁྱེད་རང་གི་འོས་མི་མཁྱེན་པ་གནང་

 

ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༢ ཚེས་ ༡༨ ལ་ཛུ་རིཀ་ནས། | རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ནི་དྲྭ་ཐོག་ནས་གསར་གཏོད་ཀྱི་ཐབས་ལམ་བརྒྱུད་འོས་འཕེན་པ་ཚོར་གནས་ཚུལ་ཤེས་པའི་སྒོ་ནས་འོས་བསྡུའི་ཉིན་མོར་སོ་སོའི་འོས་འཕེན་རྒྱུར་རོགས་ཕན་ཡོང་ཆེད་དུ་གསར་བཟོ་ཞུས་པ་ཞིག་ཡིན། དྲྭ་རྒྱ་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༨ ཉིན་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། ད་བར་དུ་སྲིད་སྐྱོང་འོས་མི་ ༣ དང་སྤྱི་འཐུས་འོས་མི་ ༣༠ ནས་ལས་འཆར་དེའི་ནང་མཉམ་ཞུགས་གནང་ཡོད་པ་དང་། ད་དུང་འོས་མི་མང་དུ་འགྲོ་བཞིན་པ་ལྟར་འོས་མི་གང་མང་ནས་མཉམ་ཞུགས་གནང་རྒྱུར་འོས་བསྡུ་ཆེན་མོ་མ་སླེབས་བར་དུ་གོ་སྐབས་ཡོད་པས་དེ་དོན་དགོངས་འཇགས་ཡོང་བ་ཞུ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་དྲྭ་རྒྱ་ (www.smartvote-tibet.org) འདི་བཞིན་དེ་སྔ་ཕྱི་ལོ་ ༢༠༠༨ ནས་ ༢༠༡༡ བར་ kalontripa.com ཞེས་པའི་མ་བསྐུལ་དང་བླང་གིས་བཟོས་པའི་དྲྭ་རྒྱའི་ལས་འཆར་ཞིག་ཡོད་པ་དེ་ལ་གཞི་བཞག་སྟེ་བཟོ་སྒྲིག་བཀོད་བྱུས་བྱས་པ་ཞིག་ཡིན། འོན་ཀྱང་ད་རེས་ང་ཚོས་བཟོས་པ་འདི་གོང་གི་དྲྭ་རྒྱ་འདི་དང་མི་འདྲ་བར་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་སུ་བཞེངས་མཁན་ཚོ་དང་ལྷན་དུ་ཕན་ཚུན་བགྲོ་གླེང་སྦྱང་བཤད་བྱེད་རྒྱུའི་གོ་སྐབས་འཕར་མ་ཞིག་བསྐྲུན་ཐབས་འབད་བརྩོན་ཞུ་བཞིན་ཡོད། ད་རེས་ཐེངས་དང་པོར་བོད་མིའི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པ་ཚོའི་ངོས་ནས་འོས་མི་སོ་སོའི་སྤྱི་ཡོངས་ཀྱི་ངོ་སྤྲོད་གནས་ཚུལ་དང་། འོས་མི་རྣམས་ལ་སོ་སོའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གཞི་བཞག་པ། གནད་དོན་དང་འབྲེལ་བའི་ཐོག་དོན་དངོས་ཀྱི་བགྲོ་གླེང་ཡོད་པ། དེ་བཞིན་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ངེས་པ་རྙེད་པའི་ཐོག་ནས་འོས་འཕེན་རྒྱུའི་གོ་སྐབས་ཤིག་བསྐྲུན་གྱི་ཡོད། དྲྭ་རྒྱ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ཐོག་གཟིགས་རྒྱུ་ཡོད།
མང་གཙོའི་ལས་འཆར་དེ་འགོ་འཛུགས་མཁན་གྱི་ཚོགས་མིའི་གྲས་ཡིན་པ་རྙིང་མདའ་ཚང་ཡེ་ཤེས་ལགས་ཀྱིས། “ད་བར་ལོ་གཅིག་མིན་ཙམ་སོང་བའི་རྗེས་བོད་མི་འོས་འཕེན་པ་ཚོར་དྲྭ་ལམ་བརྒྱུད་ནས་དཔྱད་བསྡུར་ཞུས་པའི་ཐོག་ནས་འོས་འཕེན་རྒྱུའི་གོ་སྐབས་ཞིག་བསྐྲུན་ཐུབ་པར་ཤིན་ཏུ་ནས་དགའ་པོ་བྱུང་།” ཞེས་སེམས་དགའ་པོའི་ཐོག་ནས་བརྗོད་ཡོད།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་ལས་འཆར་ཐོག་ལས་ཀ་བྱེད་མཁན་ཚོས་ད་རེས་འོས་བསྡུའི་ནང་བཞེངས་མཁན་འོས་མི་ ༡༡༠ ལ་ཐད་ཀར་འབྲེལ་བ་ཞུས་པ་དང་། འོས་མི་རྣམས་ལ་དྲི་བ་མི་འདྲ་བ་ཁག་ ༣༧ ཕུལ་ནས་དྲི་བ་དེ་རྣམས་ལ་ལན་འདེབས་གནང་བའི་སྒོ་ནས་མཉམ་ཞུགས་ཡོང་བའི་རེ་བསྐུལ་ཞུས་ཡོད།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་ལས་འཆར་འདིའི་ཐོག་ཕྱག་ལས་གནང་མཁན་བཀྲས་མཐོང་དབང་པོ་ལགས་ཀྱིས། “སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་བཞེངས་མཁན་མང་པོ་ཞིག་ནས་ལེགས་བཅོས་ཀྱི་བསམ་འཆར་མང་པོ་གནང་འབྱོར་བྱུང་། མང་གཙོ་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་བོད་མི་གང་མང་ནས་གོ་སྐབས་ཇི་ཐུབ་ལེན་པའི་རེ་བ་བྱེད་བཞིན་ཡོད།” ཅེས་རེ་བ་ཆེན་པོའི་སྒོ་ནས་གསུངས་ཡོད།
དྲི་བ་ ༣༧ དེ་དག་གི་ནང་གནད་དོན་རྒྱ་ཆེན་པོ་དང་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་འདྲ་མིན་ཐད་བཏང་སྙོམས་རྒྱུན་འཛིན་བྱས་ཐོག་འཛམ་གླིང་ཁྱོན་ཡོངས་སུ་གནས་འཁོད་བོད་མི་གང་མང་ཚུད་ཐབས་དང་མཉམ་ཞུགས་ཡོང་རྒྱུར་རེ་སྐུལ་ཞུས་ཡོད། དྲི་བ་དེ་དག་ཐེངས་འགའ་ཤས་ལེགས་བཅོས་དང་བསྐྱར་སྒྲིག་བྱས་པ་དང་། ཚན་རྩལ་རིག་པའི་དྲྭ་བའི་དངོས་ཆས་པོ་ལི་ཊུལ་སི། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་གནད་ཡོད་མི་སྣ་ཚུད་པའི་སློབ་སྟོན་ཚོགས་ཆུང་གིས་ངོས་ནས་ཀྱང་ལེགས་བཅོས་དགོངས་འཆར་བསྡུ་ལེན་ཞུས་ཡོད།
རེས་གཟའ་པ་སངས་ཉིན་ནས་འོས་འཕེན་པ་རྣམས་ནས་དྲྭ་རྒྱ་དེར་གཟིགས་ཐུབ་པ་དང་། དྲི་བ་ཁག་ ༣༧ དེ་དག་ལ་སོ་སོའི་ལན་འདེབས་ཁག་བྱས་པའི་ཐོག་ནས་མཐའ་མ་དེར་ལན་འདེབས་ལ་གཞིགས་ཏེ་འོས་འཕེན་པ་ཚོར་སོ་སོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མཐུན་ཤོས་ཀྱི་འོས་མིའི་ཐོ་གཞུང་ཞིག་འབྱོར་གྱི་རེད། རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་སྡིངས་ཆ་འདི་བཞིན་སྔོན་འགྲོའི་འོས་བསྡུ་ནས་འགོ་བཙུགས་ཏེ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ བར་གྱི་མཐའ་མའི་འོས་བསྡུའི་ལས་རིམ་མཇུག་མ་བསྒྲིལ་བར་བཀོལ་སྤྱོད་བྱེད་ཐུབ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ནི་ “མང་གཙོའི་ལས་འཆར་” ཞེས་པ་དང་མཉམ་ལས་ཀྱིས་གསར་གཏོད་ཞུས་པ་ཞིག་ཡིན། སྡིངས་ཆ་འདི་ནི་ཐོག་མར་ཕྱི་ལོ་ ༢༠༠༣ ལོར་སུད་སི་ནང་གི་པོ་ལི་ཊུལ་སི་ཡིས་བཟོ་སྐྲུན་བྱས་པའི་རྣམ་དཔྱོད་ལྡན་པའི་འོས་བསྡུའི་བྱ་རིམ་འདི་བཞིན་ང་ཚོའི་གནས་སྟངས་ལ་རན་པའི་སྒོ་ནས་བཅོས་སྒྲིག་བྱས་པ་ཞིག་ཡིན་པ་དང་། རྣམ་དཔྱོད་ལྡན་པའི་འོས་བསྡུའི་བྱེད་བབ་འདིའི་ཐོག་ནས་སུད་སི་ནང་གི་མངའ་སྡེ་དང་རྒྱལ་ཡོངས་འོས་བསྡུའི་ཐོག་ལག་བསྟར་བྱས་ཡོད། དེ་བཞིན་ཨོ་སི་ཀྲོ་ལི་ཡ་དང་། ཡོ་རོབ་ཀྱི་རྒྱལ་ཁབ་ཁྱོན་ཡོངས་ཀྱི་འོས་བསྡུ་བྱེད་པར་ཡང་ལག་བསྟར་བྱས་ཡོད།
གསར་འགོད་པས་འབྲེལ་གཏུགས་གནང་ཡུལ།
Wangpo Tethong: +41 78 744 30 10
Dechen Pemba: +44 7402 185323