རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་དུག་གསར་པ་ཁྱབ་གདལ།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཏོག་དབྱིབས་ནད་དུག་Omicron གྱི་ཆ་ཤས་གཉིས་ལས་འདྲེས་པའི་ནད་དུག་གསར་པ་XE ཞེས་པ་ཞིག་ཐོན་ཡོད་པ་དང་། ཏོག་དབྱིབས་ནད་དུག་གསར་པ་དེ་ནི་ནད་དུག་གཞན་ཁག་ལས་འགོ་སླ་བ་ཡོད་སྐོར་གསུངས་འདུག

ཟླ་འདིའི་ཚེས་༦ ཉིན་རྒྱ་གར་གྱི་གྲོང་ཁྱེར་མོན་བྷེ་ས་གནས་ལས་ཁུངས་(The Brihanmumbai Municipal Corporation) ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ལོ་༥༠ ཡིན་པའི་རྒྱ་གར་བའི་བུད་མེད་ཞིག་ལ་ཏོག་དབྱིབས་ནད་དུག་གསར་པ་XE འགོས་ཡོད་པ་དང་། སྐབས་དེར་ཏོག་དབྱིབས་ནད་དུག་རྟག་དཔྱད་བྱེད་སྐབས་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་དུག་གཞན་Kappa འགོས་པའི་ནད་པ་ཡང་ཐོན་ཡོད་པ་བརྗོད་འདུག

ཏོག་དབྱིབས་ནད་དུག་གསར་པ་XE ནི་ཐོག་མར་ལོ་འདིའི་ཕྱི་ཟླ་༡ ཚེས་༡༩ ནང་དབྱིན་ཡུལ་ནས་ཤེས་རྟོགས་བྱུང་ཡོད་པ་དང་། རྒྱལ་སྤྱིའི་འཕྲོད་བསྟེན་ལས་བྱེད་པས་བརྗོད་དོན་ལ། ཏོག་དབྱིབས་ནད་དུག་གསར་པ་དེ་ནི་Omicron ཏོག་དབྱིབས་ནད་དུག་གི་ཆ་ཤས་BA.1 དང་ BA.2 གཉིས་ལས་འདྲེས་པའི་ནད་དུག་གསར་པ་ཞིག་ཡིན་པ་མ་ཟད། ནད་དུག་དེ་ནི་Omicron ནད་དུག་གི་ཆ་ཤས་ལས་བརྒྱ་ཆ་བཅུ་ལྷག་འགོ་སླ་བ་ཡོད་པ་བརྗོད་འདུག

དེ་བཞིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བརྗོད་དོན་ལ། ད་རེས་ཀྱི་ཏོག་དབྱིབས་ནད་དུག་གསར་པ་དེས་ནད་རྟག་དེ་སྔོན་གྱི་ཏོག་དབྱིབས་ནད་དུག་གཞན་ཁག་དང་མི་འདྲ་བ་གང་ཡང་མེད་པ་དང་། ད་ལྟའི་ཏོག་དབྱིབས་ནད་དུག་གསར་པ་ཁྱབ་གདལ་རྐྱེན་པས་ནད་པ་རྐྱེན་འདས་ཕྱིན་པ་གཅིག་ཀྱང་བྱུང་མེད་ལུགས་དང་། མི་མང་རྣམས་དངངས་སྐྲག་བྱེད་དགོས་མེད་སྐོར་བརྗོད་འདུག

དེ་ཡང་རྒྱ་ནག་གི་དཔལ་འབྱོར་ཚོང་ར་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་གྲོང་ཁྱེར་ཧྲང་ཧེ་ལ་ཏོག་དབྱིབས་ནད་དུག་གསུམ་པ་Omicron ཉིན་རེ་བཞིན་ཁྱབ་གདལ་ཇེ་མང་འགྲོ་བཞིན་པའི་དབང་གིས་གྲོང་ཁྱེར་ཤར་ནུབ་གཉིས་ལ་སྒོ་རྒྱ་བསྡམས་ཡོད་པ་མ་ཟད་། སྐབས་དེར་རྒྱ་ནག་གཞུང་འབྲེལ་ལས་བྱེད་པས་བརྗོད་དོན་ལ། ད་རེས་སྒོ་རྒྱ་སྡོམ་རྒྱུ་དེ་ནི་གྲོང་ཁྱེར་ཕྱེད་ཀ་ཡིན་ལུགས་དང་དེ་མིན་ཁག་ནས་མུ་མཐུད་ལས་ཀ་བྱེད་རྒྱུ་ཡིན་པ་བརྗོད་ཡོད་ཀྱང་། བར་སྐབས་གྲོང་ཁྱེར་ཧྲང་ཧེ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཟླ་འདིའི་ཚེས་༦ ཉིན་གཅིག་པུར་ཏོག་དབྱིབས་ནད་དུག་གོས་པའི་ནད་པ་༡༧༠༠༠ ལྷག་བྱུང་ཡོད་པ་མ་ཟད། ད་ལྟ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ཡོངས་སྒོ་རྒྱ་སྡོམ་རྒྱུ་དང་གྲོང་ཁྱེར་ཡོངས་ལ་ཏོག་དབྱིབས་ནད་དུག་རྟག་དཔྱད་ཐེངས་གཉིས་པ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག །

གསར་འགོད་པ། བསྟན་འཛིན་ཆོས་གྲགས།