རྩེད་འགྲན་པར་གནམ་ཐང་གི་ལམ་བར་དུ་མེ་མདའ་བརྒྱབས་འདུག
ཟླ་བ་འདིའི་ཕྱི་ཚེས་༣ ཉིན་ཏེ་རེས་གཟའ་ལྷག་པའི་མཚན་མོར་རྒྱ་ནག་གི་ལག་རྩེད་སྤོ་ལོ་བུའི་རུ་ཁག་བྷི་ར་ཛིལ་ལ་འབྱོར་ཏེ་གནམ་ཐང་ནས་རྩེད་རྭར་འགྲོ་བའི་ལམ་བར་དུ་ཁོང་ཚོར་མེ་མདའ་བརྒྱབས་པའི་གནས་ཚུལ་བྱུང་འདུག
ལག་རྩེད་སྤོ་ལོའི་སློབ་སྟོན་པ་ལ་མེ་མདས་གནོད་སྐྱོན་བྱུང་མེད་རུང་། རྗེས་སུ་གནས་ཚུལ་འབྱོར་གསལ་ལྟར་ན་དོན་རྐྱེན་དེའི་ཁྲོད་ནས་མི་དྲུག་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁག་ཅིག་གིས་མེ་མདའི་དམིགས་འབེན་དེ་སློབ་སྟོན་པ་མིན་སྐོར་བཤད་འདུག
རྩེད་འགྲན་ལ་དགའ་མོས་ཆེ་བའི་མི་ཚོས་བྷི་ར་ཛིལ་ནི་ཨོ་ལིམ་པིག་རྩེད་འགྲན་འཚོགས་ས་ལས་དམག་འཁྲུག་གི་གཡུལ་ས་དང་འདྲ་བ་འདུག་ཅེས་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བཤད་བཞིན་ཡོད་འདུག
རྒྱ་ནག་གི་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་ཚོས་ཨོ་རྩེད་ལ་མཐུན་སྦྱོར་ཏག་ཏག་ཅིག་གྲ་སྒྲིག་བྱས་ཚར་མེད་པ་དང་། མི་སེམས་འགུག་པའི་རྩེད་རྭ་ཞིག་བཟོ་སྐྲུན་བྱས་ཚར་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག
འདི་ལོའི་ཨོ་ལིམ་པིག་རྩེད་འགྲན་ནང་སྐྱབས་བཅོལ་བ་ཁག་ཅིག་རྩེད་འགྲན་དུ་ཞུགས་པ། ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་བྷེ་ར་ཛིལ་གྱི་ས་གནས་རིའུ་ལ་ཨོ་ལིམ་པིག་རྩེད་འགྲན་ཐེངས་༣༡ པ་དེ་ཟླ་བ་འདིའི་ཕྱི་ཚེས་༥ ཉིན་སྟེ། རེས་གཟའ་པ་སངས་ཉིན་གཞུང་འབྲེལ་ཐོག་དངོས་སུ་མཛད་སྒོ་དབུ་འབྱེད་བྱས་ནས་ཕྱི་ཟླ་༨པའི་ཕྱི་ཚེས་༢༡ ལ་འཇུག་སྒྲིལ་རྒྱུ་ཡིན་ནའང་། དངོས་གཞིའི་རྩེད་མོ་ནི་ཉིན་གཉིས་ཀྱི་སྔོན་ནས་འགོ་བཙུགས་ཟིན་ཡོད།
ད་ཐེངས་ཀྱི་ཨོ་རྩེད་འགྲན་སྡུར་ནང་འཛམ་གླིང་གི་རྒྱལ་ཁབ་ཁག་༢༠༦ དང་སྐྱབས་བཅོལ་བའི་རྒྱལ་ཁབ་གཅིག་བཅས་ཁྱོན་རྩེད་འགྲན་རྒྱལ་ཁབ་༢༠༧ གྱི་རྩེད་མོ་བ་༡༠༥༠༠ འཛུལ་ཞུགས་བྱས་ཡོད་པ་རེད། ཀོ་སོ་འོ་རྒྱལ་ཁབ་དང་། ལྷོ་སིའུ་ཌེན་རྒྱལ་ཁབ་གཉིས་ཨོ་རྩེད་འགྲན་སྡུར་ནང་འཛུལ་ཞུགས་བྱས་པ་ཐེངས་དང་པོ་རེད་འདུག ད་ཐེངས་ཀྱི་ཨོ་རྩེད་འགྲན་སྡུར་ནང་སྐྱབས་བཅོལ་བའི་རྩེད་འགྲན་པ་༡༠ ཡོད་པ་ལས་༥ ལྷོ་སི་ཌེན་ནས་ཡིན་པ་དང་། ༢ སི་རི་ཡ། ༢ ཁོན་གོ་ཌིར། ༡ ཨེན་ཐོ་པི་ཡ་ནས་ཡིན་འདུག ད་ཐེངས་ཀྱི་རྩེད་འགྲན་ནང་ཨ་རིའི་རྩེད་འགྲན་པ་ ༥༥༤ འཛུལ་ཞུགས་བྱས་ནས་རྩེད་འགྲན་པ་རྒྱལ་ཁབ་ཚང་མའི་ནང་ནས་རྩེད་མོ་བ་མང་ཤོས་དེ་ཆགས་ཡོད་པ་དང་། ཡང་ལོ་ན་ཆུང་ཤོས་ཀྱི་རྩེད་འགྲན་པ་ནི་བལ་ཡུལ་རྒྱལ་ཁབ་ཀྱི་ཆུ་རྐྱལ་བ་གྷོ་རིའི་ཀ་སིན་ཞེས་པའི་ལོ་ན་ ༡༣ ལས་མ་སོན་པ་ཞིག་ཡིན་འདུག
སྤྱིར་ལོ་རྒྱུས་ཐོག་ནས་ཨོ་ལིམ་པིག་རྩེད་འགྲན་ནི་གནའ་དུས་སུ་གྷི་རི་སི་རྒྱལ་ཁབ་ཏུ་སྤྱི་ལོ་སྔོན་གྱི་ལོ་༧༧༦ ནས་འགོ་བཙུགས་ཡོད་པ་དང་། དུས་དེ་ནས་ཕྱི་ལོ་༣༩༣ ལོར་བར་གྱི་ཨོ་ལིམ་པིག་རྩེད་འགྲན་ལ་གནའ་རབས་ཀྱི་ཨོ་རྩེད་ཅེས་གྲགས་ཀྱི་ཡོད་ལ། ཕྱི་ལོ་༡༨༩༦ ནས་འགོ་བཙུགས་ཏེ་ད་བར་གྱི་ཨོ་རྩེད་ལ་དེང་རབས་ཀྱི་ཨོ་རྩེད་ཅེས་ཡོངས་གྲགས་སུ་ཡོད་པ་རེད།།
