རྩེད་འགྲན་པར་ཡང་འཐེན་འཁྱེར་ཆཌ་འདུག
རྩོམ་སྒྲིག་པའི་གཏམ། བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས། ༩༤༧།
བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་རང་དབང་མང་གཙོའི་ལུང་པ་ཞིག་ཏུ་གནས་སྡོད་བྱས་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལམ་ལུགས་ཀྱང་མང་གཙོ་ཅན་དུ་བསྒྱུར་ནས་མི་ལོ་དྲུག་ཅུ་ལྷག་བརྒལ་ཟིན། འོན་ཀྱང་བཙན་བྱོལ་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཆབ་སྲིད་ཀྱི་འགྲོ་སྟངས་དང་། ལམ་ལུགས་གང་ཐད་ནས་འགྲིག་ཙམ་ཡོད་ནའང་། ༧གོང་ས་མཆོག་དང་། གཞིས་བཞུགས་བོད་པའི་སྤྱི་ཚོགས་ཀྱི་ཐུགས་རེ་ཇི་བཞིན་འགྲུབ་མེད་པ་དེ་ཡང་གསལ་པོར་གྱུར་ཡོད། ཆེ་ས་ནས་མང་གཙོའི་ཀ་བ་གསུམ་གྱི་དབུ་ཁྲིད་རྣམ་པའི་དབར་རྩོད་རྙོག་རྒྱུན་ཆད་མེད་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་དུའང་ཕྱོགས་འཐེན་གྱི་རྣམ་པ་ཤུགས་ཆེ་ཙམ་ཡོད་པ་དེ། རང་བཙན་ཡོད་པ་དང་མང་གཙོའི་ལམ་ལུགས་དར་ཁྱབ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་དེ་ཙམ་ཧ་ལས་དགོས་པ་ཞིག་མིན་ཡང་། བོད་དོན་འཐབ་རྩོད་ཀྱི་གནས་བབས་ཐོག་ནས་བཤད་ན་ཡིད་སྐྱོ་དགོས་པ་ཞིག་ཏུ་གྱུར་ཡོད།
འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་སྣེ་མོ་བ་རྣམས་ཀྱི་དབར་རྩོད་རྙོག་ཡོད་པ་ཙམ་མ་ཡིན་པར། བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ནང་རྒྱུ་མཚན་ཚད་ལྡན་མེད་པའི་རྩོད་རྙོག་སྣ་ཚོགས་ལ་བརྟེན་ནས་ཕྱོགས་ཁག་གཉིས་སུ་གྱུར་པ་བྱུང་ཡོད་པ་དང་། དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས་སོགས་སྡེ་ཚན་བྱེ་བྲག་པ་དང་འབྲེལ་བ་ཙམ་མ་ཡིན་པར་བོད་པ་སྤྱི་ཡོངས་ལ་ཁྱབ་དགོས་པའི་ཚོགས་པ་ཁག་ཀྱང་དུམ་བུ་གཉིས་སུ་གྱུར་པའི་གནས་ཚུལ་བྱུང་ཡོད། གཞན་ཡང་བོད་པའི་སྤྱི་ཚོགས་ནང་བླ་ཆེན་ཁག་གི་ཡང་སྲིད་དབར་རྩོད་རྙོག་དང་། ཆོས་བརྒྱུད་གཅིག་དང་དགོན་སྡེ་སོ་སོའི་ནང་དུའང་རྩོད་རྙོག་ལ་བརྟེན་ནས་དུམ་བུར་གྱུར་པའི་གནས་ཚུལ་བྱུང་ཡོད། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དུམ་བུ་གཉིས་སུ་གྱུར་པ་སོགས་གནས་ཚུལ་སྣ་ཚོགས་བྱུང་ཡོད་པ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ལས་འཆར་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་གཅིག་གྱུར་མ་ཐུབ་པར་དུམ་བུ་གཉིས་སུ་གྱུར་འདུག
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་བྱེད་བཞིན་པའི་རྒྱལ་ཡུམ་ཆེན་མོ་རྗེས་དྲན་གྱི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཞིག་བྱེད་བཞིན་པ་དེར། འདས་པའི་ལོ་རྒྱུས་ནང་མཐུན་རྐྱེན་དང་ནུས་པ་འདེང་མཁན་ཚང་མ་མཉམ་ཞུགས་བྱེད་བཞིན་ཡོད་ཀྱང་། ལོ་སྔོན་མ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ཁྱབ་ཁོངས་སུ་ཡོད་པའི་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་ས་ཁུལ་ཆེ་ཁག་ནས་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ནང་མཉམ་ཞུགས་བྱས་མེད་པ་དང་། འདི་ལོར་ཡང་རྒྱ་གར་ལྷོ་ཕྱོགས་ནས་ཟུར་དུ་རྩེད་འགྲན་བྱས་སོང་བས། རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྐང་སྤོལ་རྩེད་འགྲན་དེ་གང་མགྱོགས་དྷ་སྟེང་བོད་ཁྱིམ་དུ་འཚོག་འཆར་ཡོད་པ་དེ་རྒྱ་གར་ལྷོ་ཕྱོགས་ནས་མཉམ་ཞུགས་བྱ་རྒྱུ་མིན་པའི་གནས་ཚུལ་བྱུང་བ་དེ་ཡང་ཕྱོགས་ཡོངས་ནས་བློ་ཕམ་གྱི་རང་བཞིན་ཞིག་ཏུ་གྱུར་ཡོད། རྐང་རྩེད་སྤོ་ལོ་རྩེད་མཁན་དག་ལ་མཚོན་ན་སྲིད་དོན་པ་མིན་པ་དང་། ན་གཞོན་རྐྱང་རྐྱང་ཡིན་པས་མཁྲེགས་འཛིན་དེ་ལྟ་བུ་ཞིག་བྱེད་དགོས་པ་རྒྱུ་མཚན་གང་ལ་ཐུག་ཡོད།
སྤྱིར་རྩེད་མོ་དང་སྲིད་དོན་མི་འདྲ་བར་རྩེད་མོའི་དམིགས་ཡུལ་གལ་ཆེན་གཅིག་ནི། ཕན་ཚུན་རྒྱུས་ལོན་དང་མཐུན་ལམ་ཆེད་ཡིན་པ་དང་། རྩེད་མོའི་ནང་ནས་ཀྱང་རྐང་སྤོལ་རྩེད་འགྲན་པ་རྣམས་ན་གཞོན་འབའ་ཞིག་ཡིན་པས་རྩོད་པ་འཆོར་སྲིད་ཀྱང་། བཙན་བྱོལ་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་ས་གནས་ཀྱི་རྩེད་འགྲན་པ་རྣམས་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཁོངས་ནས་ཕྱིར་འཐེན་ནམ། རྩེད་འགྲན་ནང་མཉམ་ཞུགས་མི་ཐུབ་པ་ནི་ད་ལྟའི་ཆར་སྤྱི་ཚོགས་ནང་འགྲོ་བཞིན་པའི་སྡེ་ཚན་ཆ་ཚང་རྩོད་རྙོག་ལ་བརྟེན་ནས་གཉིས་གཉིས་སུ་གྱུར་ཡོད་པ་བཞིན། མ་འོངས་པར་བུ་ཚ་ཕྱི་རབས་པའི་ངོས་ནས་ཀྱང་མུ་མཐུད་འགྲོ་རྒྱུ་ཡིན་པའི་ཉེན་ཁ་ཡོད་པའི་མངོན་རྟགས་ཤིག་ཏུ་གྱུར་ཡོད། དེ་ལ་བརྟེན་ནས་འགོས་ནད་ལྟ་བུའི་གནས་ཚུལ་འདི་ལ་མི་རབས་གསར་རྙིང་གི་ཁྱད་པར་དང་། ཤེས་ཡོན་ཡོད་མེད་ཀྱི་ཁྱད་པར་མེད་པར་ཡོངས་ཁྱབ་ལྟ་བུར་གྱུར་ཡོང་གི་མེད་དམ་སྙམ་ཞིང་། གནད་དོན་འདི་ནི་སྤྱི་ཚོགས་ཁྱོན་ཡོངས་ནས་བཟློག་ཐབས་མེད་པའི་དཀའ་ངལ་ཞིག་ཏུ་གྱུར་ཡོད།
མདོར་ན་བོད་པའི་སྤྱི་ཚོགས་ནང་རྩོད་རྙོག་གང་མང་ཞིག་ཡོད་པ་ནི། རྒྱུ་མཚན་ག་རེ་ཡིན་ཁ་ཚོན་བཅད་ནས་བཤད་དཀའ་ནའང་། བོད་པའི་སྤྱི་ཚོགས་ཀྱི་མགོ་མཇུག་བར་གསུམ་དུ་ཁྱབ་ཡོད་པ་ནི། ཆོས་སྲིད་གཉིས་ཐད་ནས་ལས་དོན་གང་བསྒྲུབས་ཀྱང་འགལ་རྐྱེན་དུ་འགྱུར་བཞིན་ཡོད། ད་ལན་རྩེད་རིག་གི་ཁྱབ་ཁོངས་སུ་ཡོད་པའི་མི་སྣ་རྣམས་ཀྱི་ནང་དུའང་འཐེན་འཁྱེར་གྱི་གནད་དོན་ཡོད་པ་ནི། དམིགས་བསལ་གྱི་དཀའ་ངལ་ཞིག་ཏུ་གྱུར་ཡོད། མ་འོངས་པར་བོད་དོན་འཐབ་རྩོད་རང་གི་གནས་སྟངས་ཐོག་ལ་ནུས་པ་གཅིག་ཏུ་བསྒྲིལ་ཐུབ་ན་རྩོད་རྙོག་སེལ་རྒྱུའི་རེ་བ་ཡོད་པ་ལས། གཞན་དཀའ་ངལ་འདུག་ཅེས་ཡང་ཡང་བཤད་པས་ཕན་ཐོགས་གང་ཡང་མེད། དོན་དངོས་སུ་རྩོད་རྙོག་དེ་དག་མི་ཡོང་ཆེད་ཐབས་ལམ་ཡག་ཤོས་ནི་གོང་དུ་བརྗོད་པ་བཞིན་རྩ་དོན་འཐབ་རྩོད་རང་གི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་གང་མང་ནས་རྒྱབ་སྐྱོར་འཐོབ་ཐབས། མི་མང་གིས་ལས་འགུལ་གང་མང་སྤེལ་ཐུབ་ན་དོན་མེད་ཀྱི་རྩོད་རྙོག་དེ་དག་རང་བཞིན་གྱིས་འཇགས་ངེས་པ་རེད།།