རྩོད་རྙོག་གསུམ་ལྡན་གྱི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན།

སྐལ་བཟང་དོན་གྲུབ།

ཕྱི་ལོ་༢༠༢༢ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ནི་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་གོ་སྒྲིག་བྱས་ཡོད་པ་དང་། སྤྱིར་བཏང་རྩེད་འགྲན་སྐབས་སུ་དེ་སྔོན་གྱི་རྩེད་འགྲན་ཁག་དང་མི་འདྲ་བར་གཞིས་ཆགས་ཆུང་ཆུང་དེས་ཆ་རྐྱེན་ཡག་པོ་བསྐྲུན་ཡོད་པ་གོ་རྒྱུ་འདུག འོན་ཀྱང་ཐེངས་འདིའི་འགྲན་སྡུར་སྐབས་ངས་ཤེས་པ་ལ་རྩོད་རྙོག་གསུམ་ཡོད་པ་རེད་འདུག 

༡) བཙན་བྱོལ་ནང་དུ་གནས་སྡོད་བྱེད་མཁན་བོད་མི་མང་ཆེ་བ་ཞིག་ནི་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་དང་། གཞིས་ཆགས་ཆེ་ཁག་རྣམས་ཀྱང་ལྷོ་ཕྱོགས་ལ་ཡོད་པ་རེད་ལ། ལོ་ཤས་རིང་ནས་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་སྐབས་སུ་ལྷོ་ཕྱོགས་གཞིས་ཆགས་ཁག་གི་རུ་ཁག་ཚོས་གྲུབ་འབྲས་ཡག་པོ་བླངས་ཡོད་པ་རེད་དེ། ཐེངས་འདིར་ལྷོ་ཕྱོགས་ཀྱི་རུ་ཁག་གཅིག་ཀྱང་མཉམ་ཞུགས་བྱས་མི་འདུག དེ་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གནད་དོན་དེའི་ཐོག་ལྷོ་ཕྱོགས་རུ་ཁག་ཚོས་གསལ་བཤད་གང་ཡང་བྱས་མེད་སྐོར་བརྗོད་འདུག་ཀྱང་། གནས་ཚུལ་གོ་རྒྱུ་ཞིག་ལ་ཐེངས་འདིའི་རྩེད་འགྲན་སྐབས་སུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ལྷོ་ཕྱོགས་ཁུལ་ལ་རུ་ཁག་གཉིས་ཀྱི་ས་མིག་མ་གཏོགས་སྤྲད་མེད་པས། ལྷོ་ཕྱོགས་རུ་ཁག་ཚོས་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད་དུ་རྩེད་འགྲན་ནང་མཉམ་ཞུགས་བྱས་མེད་སྐོར་འདུག འོན་ཀྱང་ལྷོ་ཕྱོགས་རུ་ཁག་ཚོའི་རྩེད་མོ་བ་ཡག་གྲས་ཁག་ཅིག་ནི་རྩེད་འགྲན་དུ་མཉམ་ཞུགས་བྱེད་མཁན་རུ་ཁག་གཞན་ཚོའི་ནང་དུ་རྩེད་མོ་རྩེས་སོང་། དྲ་ཐོག་ཏུ་ལྟད་མོ་བ་ཁག་ཅིག་གིས་ལྷོ་ཕྱོགས་རུ་ཁག་མེད་པས་རྩེད་འགྲན་གྱི་ཚད་གཞི་དང་ཆེ་མཐོང་དམའ་རུ་སོང་ཡོད་སྐོར་བརྗོད་བཞིན་འདུག 

༢) རྩོད་རྙོག་གཉིས་པ་ནི་རྩེད་མོ་བ་བསྟན་པ་ལྷུན་གྲུབ་ཅེས་པ་ཞིག་སྒང་ཏོག་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་ཀའི་རྩེད་མོ་བའི་གྲངས་ཐོའི་ནང་དེབ་སྐྱེལ་བྱས་ཡོད་འདུག་པ་དང་། གནད་དོན་དེ་གླེང་སློང་བྱེད་མཁན་ནི་ལ་དྭགས་བསོད་ནམས་གླིང་རུ་ཁག་ཡིན་འདུག བསོད་ནམས་གླིང་རུ་ཁག་གིས་དྲ་ཐོག་ཏུ་དཔང་རྟགས་ཡིག་ཆ་འགྲེམས་སྤེལ་བྱས་པར་གཞིགས་ན། རྩེད་མོ་བ་དེ་སྒང་ཏོག་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་ཀའི་ནང་དུ་དེབ་སྐྱེལ་བྱས་འདུག་ཀྱང་། དོན་གྲུབ་གླིང་རུ་ཁག་གི་དེབ་སྐྱེལ་ཤོག་བུའི་སྟེང་དུ་རྩེད་མོ་བ་དེའི་པར་སྦྱར་མེད་ཁར། སྒང་ཏོག་རུ་ཁག་གི་རྩེད་མོ་བའི་དེབ་སྐྱེལ་ཤོག་བུའི་སྟེང་དུ་རྩེད་མོ་བ་བསྟན་པ་ལྷུན་གྲུབ་ཀྱི་པར་སྦྱར་ཡོད་ཀྱང་། དཔྱ་ཁྲལ་ལག་དེབ་ཀྱི་ཨང་གྲངས་སྦྱར་མི་འདུག འོན་ཀྱང་རྩེད་མོ་བ་དེ་དོན་གྲུབ་གླིང་རུ་ཁག་ནང་དུ་རྩེས་ཡོད་འདུག དེ་ཡང་སྒང་ཏོག་རུ་ཁག་གི་རུ་དཔོན་གྱིས་གསལ་བཤད་བྱེད་དོན་ལ། སྒང་ཏོག་རུ་ཁག་གིས་རྩེད་མོ་བ་དེའི་དཔྱ་ཁྲལ་ལག་དེབ་ཨང་གྲངས་བཀོད་མེད་ཁར། དོན་གྲུབ་གླིང་རུ་ཁག་གིས་རྩེད་མོ་བ་དེའི་དཔྱ་ཁྲལ་ལག་དེབ་ཨང་གྲངས་བཀོད་ཡོད་པས། ཁྲིམས་ཐོག་ནས་རྩེད་མོ་བ་དེ་དོན་གྲུབ་གླིང་རུ་ཁག་གི་རྩེད་མོ་བ་ཆགས་ཡོད་སྐོར་བརྗོད་འདུག གང་ལྟར་ཕྱིས་སུ་ཕྱེད་མཐའ་མ་རྩེད་འགྲན་གྱི་རུ་ཁག་བཞི་ཡི་རུ་དཔོན་ཚོས་རྩེད་མོ་བ་དེ་དོན་གྲུབ་གླིང་རུ་ཁག་ནང་དུ་རྩེ་ན་འགྲིག་གི་ཡོད་པའི་མོས་མཐུན་བྱས་ཡོད་འདུག གནད་དོན་དེར་བསམ་བློ་བཏང་ན་བསོད་ནམས་གླིང་རུ་ཁག་གིས་གླེང་སློང་མ་བྱས་ཚེ། གནད་དོན་དེ་ཕྱིར་ཐོན་མེད་སྲིད་པས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྩེད་མོ་བའི་དེབ་སྐྱེལ་གྱི་ལས་དོན་བྱེད་ཕྱོགས་དེར་འཐུས་ཤོར་སོང་ཡོད་པ་གསལ་པོ་རེད། དེ་སྔོན་ཡང་ཐེངས་ཤིག་སྒང་ཏོག་རུ་ཁག་གི་རྩེད་མོ་བ་ཁག་ཅིག་ལ་དཔྱ་ཁྲལ་ལག་དེབ་ཡོད་མཁན་བོད་མི་མིན་པའི་གླེང་སློང་བྱུང་ཡོད་པ་དང་། རྙོག་གྲ་དེ་ཡང་རྟིང་རྩོད་ཀྱི་འགྲན་སྡུར་སྔོན་ལ་ལངས་ནས་མཐའ་མའི་རྩེད་འགྲན་སྐབས་སུ་སྒང་ཏོག་རུ་ཁག་གི་རྩེད་མོ་བ་ཡག་གྲས་ཁག་ཅིག་རྩེ་རྒྱུ་མེད་པ་ཆགས་ནས་ཕམ་ཁ་བྱུང་ཡོད་པ་རེད། གནད་དོན་དེ་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་སྔོན་ཚུད་ནས་རྩེད་མོ་བའི་དེབ་སྐྱེལ་བྱེད་ཕྱོགས་ལ་འཐུས་ཤོར་སོང་ཡོད་པ་གསལ་པོ་རེད།

༣) འདི་ལོའི་རྟིང་རྩོད་ཀྱི་འགྲན་སྡུར་དེ་ད་བར་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ནང་དུ་གྲུབ་འབྲས་ཆེ་ཤོས་སུ་ངོས་འཛིན་བྱེད་ཆོག་པའི་དོན་གྲུབ་གླིང་རུ་ཁག་དང་། ལོ་སྔོན་མར་ལྟད་མོ་བ་ཚང་མའི་རེ་ལྟོས་ལས་བརྒལ་ནས་རྟིང་རྩོད་ཀྱི་རྒྱལ་ཁ་ལེན་མཁན་སིམ་ལ་རུ་ཁག་གཉིས་བར་བྱས་ཡོད་ཀྱང་། རྩེད་འགྲན་གྱི་དུས་ཡུན་སྐར་མ་༡༨ མ་ཟིན་ཙམ་གྱི་སྐབས་སུ་དོན་གྲུབ་གླིང་གི་རྩེད་མོ་བ་ཞིག་དང་སིམ་ལའི་སྒོ་སྲུང་གཉིས་བར་གདོང་ཐུག་བྱུང་ནས། སིམ་ལའི་སྒོ་སྲུང་ལག་ནས་སྤོ་ལོ་ཤོར་ཏེ་སྤོ་ལོ་སྒོ་ནང་དུ་འཛུལ་ཡོད་པ་དང་།  རྩེད་དཔང་གིས་གནད་དོན་དེ་ནི་སྒྲིག་འགལ་ཡིན་པ་ངོས་འཛིན་མ་བྱས་ཏེ་སྤོ་ལོ་བླུགས་པར་ངོས་འཛིན་བྱས་ཡོད་པས། སིམ་ལ་རུ་ཁག་གིས་དགག་བྱ་ཆེན་པོ་བྱས་ཀྱང་། རྩེད་དཔང་བས་རང་གི་ཐག་གཅོད་དེར་ཕྱིར་བཤིག་མ་བྱས་པས། སིམ་ལ་རུ་ཁག་རྩེད་ཐང་ནས་ཕྱིར་ཐོན་ཏེ་རྩེད་འགྲན་མུ་མཐུད་ནས་འགྲོ་ཐུབ་མེད་པ་རེད། ཕྱིས་སུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྩེད་དཔང་གི་ཐག་གཅོད་ལ་འཛིན་སྐྱོང་ནས་ཐེ་བྱུས་བྱེད་ཐབས་མེད་སྐོར་བརྗོད་ནས། མཐའ་མའི་རྒྱལ་ཁ་དེ་དོན་གྲུབ་གླིང་རུ་ཁག་ལ་ཐོབ་པའི་གསལ་བསྒྲགས་བྱས་ཡོད་ཀྱང་།  སྐབས་དེའི་ཁོར་ཡུག་གི་གནས་སྟངས་ལ་བརྟེན་ནས་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་མེད་པ་རེད། 

རྐང་སྤོལ་ལ་དགའ་མཁན་ཚོར་གནད་དོན་དེ་དང་འབྲེལ་ནས་བསམ་ཚུལ་འདྲ་མིན་འདུག་པ་དང་། རྩེད་འགྲན་དེའི་བརྙན་འོག་ཏུ་མཆན་༥༠༠༠ ལས་མང་བ་བཀོད་འདུག མཆན་བཀོད་མཁན་མང་པོ་ཞིག་གིས་རྩེད་དཔང་གི་ཐག་གཅོད་དེ་ནི་ནོར་འཁྲུལ་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག་ཀྱང་། རྩེད་འགྲན་ཁག་གི་ནང་གནད་དོན་དེ་འདྲ་མང་པོ་ལྷག་གི་ཡོད་པས། སིམ་ལ་རུ་ཁག་རྩེད་འགྲན་ནས་ཕྱིར་ཐོན་བྱས་པ་དེ་ནི་རྩེད་མོ་བའི་བཟང་སྤྱོད་ཀྱི་རིན་ཐང་དང་བྲལ་བ་ཡིན་སྐོར་བརྗོད་འདུག ཡང་ཁག་ཅིག་གིས་སིམ་ལ་རུ་ཁག་ལ་རྒྱབ་སྐྱོར་གྱིས་དྲང་བདེན་མིན་པའི་ཐག་གཅོད་ལ་ཁ་གཏད་བརྟན་པོ་བཅག་པ་དེ་ནི་རྒྱལ་ཁ་ཞིག་ཡིན་སྐོར་བརྗོད་འདུག 

དྲ་ཐོག་ཏུ་ཁྱབ་བཞིན་པའི་བརྙན་ཐུང་ནང་སིམ་ལ་རུ་ཁག་གིས་བརྗོད་དོན་ལྟར་ན། རྙོག་གྲ་ལྷག་པའི་སྐབས་སུ་སིམ་ལ་རུ་ཁག་ནས་རུ་ཁག་གཉིས་ཀས་སྤོ་ལོ་བླུགས་མེད་པའི་གནས་སྟངས་འོག་རྩེད་འགྲན་དེ་བསྐྱར་དུ་འགོ་བཙུགས་པའི་རེ་སྐུལ་བྱས་ཀྱང་། དོན་གྲུབ་གླིང་རུ་ཁག་གིས་རེ་སྐུལ་དེར་ཁས་ལེན་བྱས་མེད་འདུག དེ་བཞིན་རྩེད་དཔང་པ་ལ་རྩེད་འགྲན་གྱི་བརྙན་ལ་བལྟས་ནས་ཐག་གཅོད་བྱེད་པའི་རེ་སྐུལ་བསྟུད་མར་བྱས་སྐབས། དེ་ལྟར་བྱུང་ཐུབ་མེད་པ་དང། དོན་གྲུབ་གླིང་གི་སྐུ་ཚབ་ཀྱིས་རྒྱལ་ཡོངས་རྩེད་རིགས་ཚོགས་པར་ཐག་གཅོད་ཡག་པོ་བྱེད་དགོས་པའི་སྡིགས་བསྐུལ་བྱས་སྐོར་ཡང་བརྗོད་འདུག ཕྱི་ཉིན་དེར་སིམ་ལ་རུ་ཁག་གིས་རྒྱལ་ཡོངས་རྩེད་རིགས་འཚོགས་པར་ཉིན་སྔོན་མའི་གྲུབ་འབྲས་ལྟར་དོན་གྲུབ་གླིང་ལ་སྤོ་ལོ་གཅིག་བྱས་ནས་རྩེད་འགྲན་གྱི་དུས་ཡུན་སྐར་མ་༡༨ ནས་རྩེད་འགྲན་བསྐྱར་དུ་བྱེད་པའི་རེ་སྐུལ་བྱས་ཀྱང་། དེ་ལྟར་ཁས་ལེན་བྱས་མེད་པ་རེད།

སྤྱིར་བཏང་རྒྱལ་སྤྱིའི་ནང་རྐང་སྤོལ་རྩེད་འགྲན་སྐབས་སུ་རྩེད་དཔང་བའི་ཐག་གཅོད་དེར་བསྐྱར་ཞིབ་བྱེད་ཆེད་དུ། བརྙན་གྱི་རྩེད་དཔང་མཐུན་འགྱུར་ཞེས་པ་ཞིག་བེད་སྤྱོད་གཏོང་གི་ཡོད་པ་དང་། ཐེངས་འདིའི་གནད་དོན་དང་འབྲེལ་ནས། སིམ་ལ་རུ་ཁག་གིས་རྩེད་དཔང་པར་བརྙན་ལ་བསྐྱར་ཞིབ་བྱེད་པའི་རེ་སྐུལ་བྱས་ཀྱང་། ཐོག་མར་ངོས་ལེན་བྱས་མེད་ཀྱང་ཕྱིས་སུ་བརྙན་ལ་བལྟ་རྩིས་བྱེད་སྐབས། དོན་གྲུབ་གླིང་གཞིས་ཆགས་ཀྱི་མི་ཡིན་པ་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ནང་ལས་ཀ་བྱེད་མཁན་ཞིག་གིས་རྩེད་དཔང་ལ་དེ་ལྟར་བྱེད་པར་དགག་བྱ་བྱས་ཡོད་སྐོར་སིམ་ལ་རུ་ཁག་གིས་བརྗོད་འདུག སིམ་ལ་རུ་ཁག་གིས་བརྗོད་དོན་གཞན་ཞིག་ལ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱལ་སྤྱིའི་རྐང་སྤོལ་སྒྲིག་གཞི་ལྟར་རྩེད་ཐང་ནས་རུ་ཁག་གཅིག་ངོ་རྒོལ་གྱིས་ཕྱིར་ཐོན་རྗེས་སྐར་མ་༡༠ ནང་ཚུན་དུ་ཕྱིར་ལོག་མ་བྱས་ཚེ། རུ་ཁག་གཞན་དེ་རྒྱལ་ཁ་ཐོབ་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་ཀྱང་། ཐེངས་འདིར་རྒྱལ་སྤྱིའི་རྐང་སྤོལ་སྒྲིག་གཞི་ལྟར་བརྙན་གྱི་རྩེད་དཔང་མཐུན་འགྱུར་བཀོལ་སྤྱོད་བྱས་མི་འདུག་པས། ཐག་གཅོད་དེ་དྲང་བདེན་ཡིན་མིན་དྲི་བ་ཆེན་པོ་ཆགས་འདུག་པས། རྩེད་རིགས་ཚོགས་པས་གནད་དོན་དེར་གསལ་བཤད་དང་ཐག་གཅོད་བརྟན་པོ་ཞིག་བྱེད་རྒྱུ་གལ་ཆེན་མཐོང་སོང་།།