རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་གློད་གྲོལ་དགོས་པའི་ལས་འགུལ།
ཕྱི་ཟླ་༡༡པའི་ཚེས་༡༥ཉིན་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོར་འཁེལ་ཡོད་སྟབས། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་ཆབ་སྲིད་བཙོན་པ་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་གཙོས་རྒྱའི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྩོམ་པ་པོ་རྣམས་གློད་གྲོལ་དགོས་པའི་བགྲོ་གླེང་ཞིག་དྷ་སར་འཚོགས་ཡོད་པ་རེད།
དེ་ཡང་ལོ་རེ་བཞིན་བཙོན་འོག་གི་རྩོམ་པ་པོའི་ཉིན་མོར་སྲུང་བརྩི་བྱེད་བཞིན་ཡོད་པ་ལྟར། ད་ལོར་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་རྒྱལ་ཁབ་ཁག་༡༤༦ལྷག་གི་རྩོམ་པ་པོའི་མཐུན་ཚོགས་སོ་སོའི་ངོས་ནས་བཙོན་འོག་ན་ཡོད་པའི་བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་དང་། ཨ་ཧྥེ་རི་ཁའི་རྩོམ་པ་པོ་རའོ་ཌི་ནི་ སཱེ་ཡཱེ་དང་(Rodney Sieh) ཊོར་ཀིའི་རྩོམ་པ་པོ་ཧྤ་ཛིལ་ སཱེ་(Fazil Say) ཨེ་རན་གྱི་རྩོམ་པ་པོ་རཱ་ན་ཝར་ཌི་(Dr Rahnavard) ཧོན་ཌོ་ར་སའི་རྩོམ་པ་པོ་ཌི་ནཱ་ མེ་ཛཱ་(Dina Meza) སོགས་ཀྱི་ཆེད་དུ་ལས་འགུལ་དང་། བགྲོ་གླེང་། གཏམ་བཤད་སོགས་རྒྱ་ཆེར་གནང་སྟེ་རྒྱལ་ཁབ་སོ་སོའི་སྲིད་འཛིན་དང་། གཞུང་ཚབ་ཁང་སོགས་ལ་འབུལ་འཆར་ཡོད་པ་རེད། རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་གཙོ་བྱས་པའི་བཙོན་འོག་ན་དཀའ་སྡུག་མྱོང་བཞིན་པའི་རྩོམ་པ་པོ་རྣམས་ཀྱི་གནས་བབས་དང་འབྲེལ་ནས་བགྲོ་གླེང་དང་སྙན་ངག་གྱེར་འདོན་གྱི་ལམ་ནས་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད།
བཙོན་འོག་ན་ལྷག་པའི་བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་གྱི་སྤུན་མཆེད་བུད་དྷ་སྐྱབས་ཀྱིས་“རྩོམ་པ་པོའི་ནང་མིའི་སེམས་ཚོར་དང་བློ་འཚབ་”སྐོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་དང་། ཁོང་གིས་དཀོན་མཆོག་ཚེ་འཕེལ་རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་བརྒྱུད་རིམ་དང་། ནང་མིའི་ཐུག་འཕྲད་ཀྱི་དཀའ་ངལ་སྐོར་དང་། ད་ལྟ་ཡང་ཁོང་ལ་ནང་མིའི་ཐུག་འཕྲད་སྐབས་རྒྱ་སྐད་ཀྱི་ཐོག་ནས་སྐད་ཆ་བཤད་པ་ལས། བོད་སྐད་བཤད་བཅུག་གི་པར་བརྟེན། ཨ་མས་མཚོན་པས་ནང་མི་རྒྱ་སྐད་མི་ཤེས་མཁན་ཚོའི་ཁོང་ལ་སྐད་ཆ་བཤད་མ་ཐུབ་པའི་དཀའ་ངལ་སྐོར། དེ་བཞིན་མི་ཚང་གཅིག་གི་དཀའ་ངལ་འདི་ལྟ་བུ་བོད་མི་ཆབ་སྲིད་བཙོན་པའི་ནང་མི་ཚང་མར་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
རྒྱ་ནག་གཞུང་གིས་མཆོད་མེ་དྲ་རྒྱའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་༢༠༠༩ ལོའི་ཕྱི་ཟླ་༡༡ པའི་ཚེས་༡༢ ཉིན་ལོ་བཅོ་ལྔའི་བཙོན་འཇུག་དུས་བཀག་གི་ཁྲིམས་ཐག་བཅད་པ་དང་། རང་དབང་གི་ཁྲིམས་རྩོད་པ་གླ་བཅུག་མེད་པ་རེད། ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་དང་། ཕྱི་ལོ་༡༩༩༥ ལོར་ཆབ་སྲིད་དོགས་གཞིའི་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་དང༌། མཆོད་མེ་དྲ་རྒྱའི་ནང་རྒྱ་ནག་གི་ལངས་ཕྱོགས་དང་མི་མཐུན་པའི་རྩོམ་ཡིག་དང་པར་ རིས་བཀོད་འགྲེམས་བྱས་ཚུལ། དེ་བཞིན་ཉིས་སྟོང་བརྒྱད་ལོའི་བོད་ཀྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་འདྲ་པར་ཁག་ ཅིག་ཀྱང་གློག་ཀླད་དང་པར་ཆས་ནང་ཐོན་པ་བཅས་ནག་ཉེས་སུ་བགྲངས་ཡོད་འདུག ཁོང་བོད་མདོ་སྨད་རྨ་ཆུ་ནས་ཡིན་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་“ནུབ་ཕྱོགས་པའི་རང་དབང་འཐབ་རྩོད་ཁྲོད་རྩོམ་པ་པོ་རྣམས་ཀྱིས་ཐོན་པའི་ནུས་པ་”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྐབས། རྩོམ་པ་པོ་ཆབ་སྲིད་བཙོན་པ་ཚོའི་སྐོར་གྱི་གནས་ཚུལ་ཙམ་མ་ཡིན་པར། དེའི་ལོ་རྒྱུས་རྒྱབ་ལྗོངས་ཞིབ་འཇུག་བྱས་ན་ཕན་ཐོགས་ཡོད་སྐོར་དང་། ཤར་ཡུ་རོབ་ནང་སྔོན་མ་ཨུ་རུ་སུར་དམར་ཤོག་གི་བཙོན་འོག་ནས། ཆབ་སྲིད་ཀྱི་ལྟ་གྲུབ་སྐོར་དང་། ཆོས་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང། མང་གཙོ་སོགས་ཀྱི་ཆེད་དུ་རང་ཉིད་བློས་གཏོང་གིས་དེབ་མང་པོ་བྲིས་ཡོད་པའི་ལོ་རྒྱུས་དེ་ཚོར་བལྟས་ན་ནུས་པ་ཆེན་པོ་ཐོན་ཡོད་སྐོར། ཨ་རིའི་ནང་གི་དཔེ་དེབ་སྐད་གྲགས་ཅན་མང་པོ་ཞིག་དམར་ཤོག་གི་བཙོན་འོག་ནས་མྱངས་མྱོང་བའི་རྩོམ་པ་པོ་ཚོས་བྲིས་པའི་དེབ་ཡིན་སྐོར། ཨ་ཧྤི་རི་ཀའི་ནང་བཙན་རྒྱལ་འོག་དཀའ་ངལ་མྱངས་མྱོང་བའི་རྩོམ་པ་པོ་ངུ་གྷི་ ཝ་ ཐི་ཡཱོང་(Ngugi wa Thiong) ཀྱིས་བྲིས་པའི་དེབ་ངོ་སྤྲོད་དང་། ཁོང་གིས་དབྱིན་ཡིག་ཐོག་རྩོམ་ཡིག་བྲིས་པ་དང་། རྗེས་སུ་སོ་སོའི་སྐད་ཡིག་ཐོག་རྩོམ་ཡིག་བྲིས་ཏེ། དབང་བསྒྱུར་བས་ཞེད་སྣང་བྱས་ཏེ་འཇུ་བཟུང་བྱས་པའི་སྐོར། སྤྱིར་སོ་སོའི་སྐད་ཡིག་ཐོག་བྲིས་པའི་རྩོམ་ཡིག་སོ་སོའི་མི་མང་ནང་ཤུགས་ཆེ་བ་ཁྱབ་ ཀྱི་ཡོད་པས། དབང་བསྒྱུར་བས་ཞེད་སྣང་ཆེ་བ་བྱེད་ཀྱི་ཡོད་སྐོར་དང་། སོ་སོའི་སྐད་ཡིག་ནང་རྩོམ་ཡིག་འབྲི་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།
ཨུ་རུ་སུའི་དམར་ཤོག་འོག་མྱོངས་མྱོང་བའི་རྩོམ་པ་པོ་Aleksandr Isayevich ཁོང་གིས་དེབ་དེ་དྲག་གནོན་གྱི་བཙོན་འོག་ནས་མྱངས་པའི་གྲོངས་ཟིན་པ་དང་། སྐད་ཆ་བཤད་མ་ཐུབ་མཁན་ཚོ་ངོ་སྤྲོད་ཀྱི་ཆེད་དུ་བྲིས་པ་ཞིག་ཡིན་སྐོར་དང་། དེའི་ནང་བཙོན་པ་༢༠༠ ལྷག་གི་སྐོར་ཡོད་སྐོར། དེ་བཞིན་དམར་ཤོག་འོག་ནས་སྡུག་སྦྱོང་མནར་གཅོད་གཏོང་སྐོར་སོགས་བྲིས་ཡོད་སྐོར་ངོ་སྤྲོད་གནང་སོང་།
དེ་བཞིན་ཁོང་གིས། རྩོམ་པ་པོ་ཝག་ལཱ་ ཧ་ཝེལ་(Václav Havel) སྟོབས་ཤུགས་མེད་མཁན་ཚོའི་ཆེད་དུ་སྟོབས་ཤུགས་ཞེས་པའི་དེབ་དེས་ཕན་ཐོགས་ཆེན་པོ་བྱུང་སྐོར། ཁོང་ཚོའི་བྲིས་པའི་དེབ་ཀྱི་ནང་དོན་དང་ད་ལྟ་བོད་མི་ཚོར་རྒྱ་གཞུང་གིས་མནར་བཅོད་གཏོང་སྐོར་གཅིག་པ་ཡོད་སྐོར་དང་། རྩོམ་པ་པོ་དེ་ཚོས་སྤྱི་ཚོགས་ནང་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་ངོ་སྤྲོད་གནང་སོང་།
ལོ་༢༨ ལ་བཙོན་ཁང་ནང་སྡོད་མྱོང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོས་“བཙོན་འོག་ཏུ་འདས་གྲོངས་སོང་བའི་བོད་ཀྱི་མཁས་པ་དང་རྩོམ་པ་པོ་རྣམས་ཕྱིར་དྲན་”ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་སྐབས། རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་ཏེ་༡༩༥༩ ལོ་ནས་བོད་མི་ཚོས་བཙོན་འོག་ནས་མྱངས་པའི་བརྒྱུད་རིམ་དང་རྒྱ་གཞུང་ལ་ངོ་རྒོལ་སྐོར། བོད་མི་ཚོས་རང་སྲོག་བློས་བཏང་གིས་ཆོས་དང་རིག་གཞུང་རྒྱུན་འཛིན་བྱས་སྐོར། དེའི་སྐབས་ཀྱི་ཆབ་སྲིད་བཙོན་པ་བོད་མི་ཧ་ཅང་མང་པོ་ལྟོགས་ཤི་ཐེབས་ཀྱི་ཡོད་སྐོར་དང་། ད་ལྟ་ལྟོགས་ཤི་ཐེབས་ཀྱི་མེད་ནའང་། དཀའ་སྡུག་མནར་བཅོད་སྔར་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་།
བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཀྱིས་“རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐོག་བོད་ཀྱི་རྩོམ་པ་པོའི་སྐོར་ལ་གྲོས་ཆོད་བཞག་པའི་བརྒྱུད་རིམ་དང་ཕན་ནུས་”སྐོར་ལ་གཏམ་བཤད་སྐབས། རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་ཆེན་ཐོག་བཅར་སྐབས། བོད་ཀྱི་རྩོམ་པ་པོ་ཆབ་སྲིད་བཙོན་པ་རྣམས་ལ་རྒྱབ་སྐྱོར་དགོས་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་ལ་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཐོབ་སྐོར་དང་། འདི་ལོར་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁྱབ་ཁོངས་བཙོན་འོག་རྩོམ་པ་པོའི་སྡེ་ཚན་ངོས་ནས་ཆབ་སྲིད་བཙོན་པོ་རྩོམ་པ་པོ་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་རྒྱུའི་མིང་ཐོའི་ནང་བོད་ཀྱི་ཆབ་སྲིད་བཙོན་པོ་དཀོན་མཆོག་ཚེ་འཕེལ་ཡང་ཚུད་ཡོད་སྐོར། དེ་བཞིན་བོད་ཀྱི་རྩོམ་པ་པོ་ཆབ་སྲིད་བཙོན་པ་རྣམས་རེ་རེ་བཞིན་རྒྱལ་སྤྱི་ཐོག་ངོ་སྤྲོད་བྱེད་ཀྱི་ཡོད་སྐོར་སོགས་གསུངས་སོང་།
མཇུག་ཏུ་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་དྲུང་ཆེ་འོད་ཟེར་གྱིས་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་བ་དང་འབྲེལ། སྔོན་མ་མཐུན་ཚོགས་ཀྱི་རྒྱུན་ལས་འགས་ལས་ཀ་བྱེད་ཕྱོགས་ཀྱི་དབང་གིས་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ལ་བསྐྱར་དུ་འབྲེལ་བ་འཛུགས་རྒྱུར་དཀའ་ངལ་འཕྲད་སྐོར་དང་། དེ་བཞིན་སྤྱི་ཚོགས་ནང་སྔོན་མ་རྒྱལ་སྤྱིའི་ཚོགས་ཆེན་ཐོག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞུགས་སྐབས་སྒོར་མོ་བླངས་ནས་མི་ཚོང་རྒྱག་གི་ཡོད་པའི་སྐད་ཆ་སོགས་དཀའ་ངལ་རིགས་བྱུང་ཡང་། ད་ལྟ་དེའི་རིགས་གང་ཡང་མེད་པ་མ་ཟད། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ལ་འབྲེལ་བ་ཡག་པོ་ཡོད་སྐོར། དེ་བཞིན་ཚོགས་འདུར་འགྲོ་སྐབས། ཚུར་ལོག་དགོས་པ་ལས། སྒོར་མོ་གཏའ་མར་ལེན་པ་སོགས་རིགས་གཅིག་ཀྱང་ད་ལྟ་མེད་སྐོར་གསལ་བཤད་གནང་སོང་།།