ཆེད་བརྗོད།
ཉེ་ཆར་ཕྱི་ཟླ་༥ ཚེས་༡༤ ཉིན་དབུས་འོས་བསྡུ་ལས་ཁང་ནས་བཀའ་ཤག་སྐབས་བཅུ་དྲུག་པའི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་སོང་། སྐབས་འདིའི་སྲིད་སྐྱོང་དུ་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་འོས་འདེམས་བྱུང་ཡོད་པ་དང་། ད་ལན་ཆོལ་ཁ་གསུམ་གྱི་སྤྱི་འཐུས་དབུས་གཙང་ནས་གསར་པ་༤ དང་། མདོ་སྟོད་ནས་གསར་པ་༥ མདོ་སྨད་ནས་གསར་པ་༤ བཅས་འོས་འདེམས་བྱུང་ཡོད་པ་དང་། ཆོས་བརྒྱུད་ལྔའི་ཁོངས་ནས་སྤྱི་འཐུས་གསར་པ་༡ ལས་གཞན་༩ སྔོན་མ་རང་འཇགས་བདམས་ཡོད་པ་རེད། ཨ་རི་དང་། ཡུ་རོབ། ཨོ་སི་ཀྲེ་ལེ་ཤི་ཡ་བཅས་ཀྱི་སྤྱི་འཐུས་ཁོངས་ནས་ཡུ་རོབ་ཀྱི་སྤྱི་འཐུས་གཅིག་མ་གཏོགས་གཞན་རྣམས་གསར་པ་བདམས་ཡོད་པས། སྐབས་འདིར་སྤྱི་འཐུས་གསར་འདེམས་བྱུང་བ་གྲངས་༡༨ དང་། རྙིང་པ་གྲངས་༢༧ བཅས་བདམས་ཡོད་པའི་ཆ་ནས་སྐབས་སྔོན་མ་སྤྱི་འཐུས་བརྒྱ་ཆ་༥༠ ལྷག་གསར་པ་ཆགས་ཡོད་པ་དང་བསྡུར་ན་སྐབས་འདིར་ཉུང་དུ་སོང་ཡོད།
ད་ལྟའི་ཆར་སྲིད་སྐྱོང་དང་སྤྱི་འཐུས་སུ་འདེམས་དང་མི་འདེམས་མི་མང་གི་ལག་ཏུ་ཡོད་པ་དང་། བདམས་ཟིན་པའི་རྗེས་སུ་ལས་དོན་ག་འདྲ་ཞིག་བྱེད་མིན་ནི་མགོ་ཁྲིད་རྣམས་ལ་རག་ལས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་གྲུབ་ཆ་སོགས་གང་ཐད་ནས་གྲོས་ཚོགས་ནང་སྤྱི་འཐུས་ཚང་འཛོམས་ཀྱི་ཐོག་ནས་ཐག་གཅོད་གནང་ན་དམིགས་བསལ་དབང་ཚད་དང་ནུས་པ་ཆེན་པོ་ཡོད་པ་ལས། གཞན་སྤྱི་འཐུས་སྒེར་རེ་རེ་ལ་དབང་ཚད་དང་ནུས་པ་དམིགས་བསལ་བ་གང་ཡང་མེད། སྲིད་སྐྱོང་ལ་མཚོན་ན་དེ་དང་མི་འདྲ་བར་ལས་དོན་གང་ཐད་ནས་ནུས་པ་འདོན་རྒྱུའི་ལམ་ཁ་དང་ཁོར་ཡུག་དབང་ཚད་བཅས་ཆེན་པོ་ཡོད། ད་ལན་ཚོགས་ཟུར་སྤེན་པ་ཚེ་རིང་རྒྱ་ཆེའི་མི་མང་གིས་རེ་བ་དང་ཡིད་ཆེས་ཀྱི་ཐོག་ནས་འོས་འདེམས་བྱས་པ་བཞིན། ལོ་ལྔའི་རིང་གྲུབ་འབྲས་ཀྱང་ཐོན་ཐུབ་པའི་རེ་བ་ཡོད། དེར་བརྟེན་གང་ཟག་སྒེར་གྱི་ངོས་ནས་སྣང་བར་འགྲོ་མིན་དང་འདོད་པ་མཐུན་མིན་སྣ་ཚོགས་ཡོད་སྲིད་ཀྱང་། སྤྱི་དོན་ལ་ཐུག་དུས་ནུས་པ་གཅིག་ཏུ་སྤུངས་དགོས་པ་འདི་ཧ་ཅང་གལ་ཆེན་པོར་གྱུར་ཡོད།
ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བ་དང་འབྲེལ་བའི་སྐོར་ནས་རྙོག་གླེང་མང་པོ་ཞིག་བཟོ་བཞིན་ཡོད་པ་དང་། གཙོ་བོ་ཟུར་པ་རྣམས་ཀྱིས་སྣེ་ཁྲིད་ནས་ལས་འགུལ་ཡང་མང་དག་ཅིག་སྤེལ་བཞིན་འདུག གནད་དོན་འདི་དག་གི་ཐོག་ནས་བལྟས་ན་ཁྲིམས་སྒྲིག་རང་གི་དོན་དུ་དགོངས་པ་བཞེས་མཁན་ཡང་ཡོད་མི་སྲིད་པ་མིན་ལ། གཙོ་ཆེ་བ་ནི་རྣམ་ཀུན་མཐུན་ཕྱོགས་ཀྱི་བསམ་བློ་གཏོང་མཁན་མང་པོ་ཡོད་པའི་རྣམ་པ་གསལ་པོ་འདུག ད་ལྟའི་ལས་འགུལ་འདིའི་ཁ་གཏད་གཅོག་ཡུལ་གཙོ་བོ་སྤྱི་འཐུས་ལྷན་ཚོགས་དང་། དེའི་ནང་ནས་ཀྱང་རྒྱུན་ལས་ཡིན་པའི་རྣམ་པ་བསྟན་ཡོད་ནའང་། དོན་དངོས་སུ་ཕྱི་ལོ་༢༠༢༡ ཟླ་༥ པ་རྫོགས་པ་དང་། སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་དུས་ཡུན་ཡོངས་སུ་རྫོགས་པ་ཡིན་པས་དུས་འདི་ནས་བརྡ་འདེད་བྱེད་ཡུལ་ཞིག་གང་ཡང་ལྷག་མེད་པ་ནི། སྣེ་ཁྲིད་མཁན་ཕལ་མོ་ཆེས་མི་ཤེས་པ་ཞིག་གཏན་ནས་མིན།
འོན་ཀྱང་ལས་འགུལ་འདིའི་ཞོར་དུ་དུས་ཡུན་རྫོགས་ལ་ཉེ་བའི་སྲིད་སྐྱོང་ལ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མཚན་ཤས་ཅུང་ཙམ་རེ་བཟོ་ཨེ་ཐུབ་བལྟ་བ་དང་། མ་འོངས་པའི་སྲིད་སྐྱོང་གི་ལས་དོན་བསྒྲུབ་སའི་ཁོར་ཡུག་དོག་ཏུ་བཏང་ནས། རྩོད་རྙོག་རྒྱུན་ཆད་མེད་པ་ཞིག་འབྱུང་རྒྱུའི་ཆེད་དུ་དམིགས་མེད་དམ་སྙམ་པའི་དོགས་པ་ཡང་རང་བཞིན་གྱིས་འདུག ད་ལན་ལས་འགུལ་འདིའི་སྣེ་ཁྲིད་པའི་ནང་དུ་མི་རེ་རེས་མིང་གསུམ་བཞི་རེ་བེད་སྤྱོད་བྱེད་མཁན་ཡོད་པ་རྣམས་ཀྱི་ནང་དུ། ལོ་སྔོན་མ་སྤེན་པ་ཚེ་རིང་སྲིད་སྐྱོང་དུ་བདམས་ན་བཙན་བྱོལ་སྤྱི་ཚོགས་ནང་རྩོད་རྙོག་མང་པོ་ཡོང་ངེས་ཡིན་པས་མི་འོས་ཚུལ་བརྗོད་མཁན་མང་པོ་ཞིག་འདུག དེར་བརྟེན་འདི་དག་གིས་ཁྲིམས་ཞིབ་ཁང་དང་འབྲེལ་བའི་རྩོད་རྙོག་འདི་བེད་སྤྱད་ནས་སྔོན་མའི་ཁ་རྒྱུན་དུ་མདའ་གཅིག་གིས་ཤ་བ་གཉིས་བསད་ཅེས་པ་ལས་བརྒལ་ནས། མདའ་གཅིག་གིས་ཤ་བ་གཅིག་ལ་ཁ་གཏད་པའི་ཟོལ་གྱིས་ཞོར་དུ་ཤ་བ་གཞན་གཉིས་གསོད་ཐུབ་པའི་དམིགས་ཡུལ་བཟུང་མེད་དམ་སྙམ་པའི་དོགས་པ་འདི་ཡང་རང་བཞིན་གྱིས་སླེབས་ཡོང་བ་ཞིག་རེད།
མདོར་ན་ད་ལྟའི་ཆར་བོད་སྤྱི་པའི་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་ནང་ཁུལ་གྱི་རྩོད་རྙོག་དེ་མི་དགོས་པ་ཞིག་རེད་ལ། ལྷག་པར་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་མཁན་ཚོགས་ཟུར་སྤེན་པ་ཚེ་རིང་བདམས་ཟིན་པས། ཁོང་ལ་མཚོན་ན་ཁོང་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་ཞི་འཇམ་དུ་ཅི་ཙམ་གནས་ཐུབ་ན། དེ་ཙམ་གྱིས་ལས་དོན་མང་པོ་ཞིག་ལ་གྲུབ་འབྲས་ཐོན་པའི་གོ་སྐབས་ཡོད་པ་ནི་སྨྲོས་མི་དགོས་པ་ཞིག་རེད། གྲོས་ཚོགས་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཅི་ཙམ་གྱིས་འཁྲུག་ཏུ་སོང་བ་དེའི་ཚོད་ཀྱིས་སྲིད་སྐྱོང་གི་ལས་དོན་ལ་འགལ་རྐྱེན་མང་བ་ནི་ཤེས་གསལ་ཡིན་པས། ད་ལན་གྱི་གནད་དོན་འདིའི་ཐོག་ཕྱོགས་ཡོངས་ནས་”རྫ་གོག་ཆག་ན་སྤྱི་དོན་”རེད་བསམས་ནས་དེ་ལུགས་ཀྱིས་དགོངས་པ་བཞེས་པ་ལས། གཞན་མི་སྒེར་སུ་གཅིག་ལ་”ཕོར་པ་ཆག་ན་སྒེར་དོན་”རེད་བསམ་པའི་སྡུག་བསྔལ་ཡོད་མཁན་ནི་གཏན་ནས་མེད་ཚོད་རེད། སྤྱི་དོན་དང་སྒེར་གྱི་འབྲེལ་བ་གཉིས་ཁ་གསལ་དུ་དབྱེ་འབྱེད་བྱེད་མ་ཐུབ་ན་མ་འོངས་པའི་ལོ་ལྔ་ནི་རྩོད་རྙོག་གི་དུས་ཚོད་དུ་འགྱུར་ངེས་རེད།།