རྫ་སྟོད་རྫོང་དུ་ས་ཡོམ་བརྒྱབ་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༧ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་ཆུ་ཚོད་༡༢ དང་སྐར་མ་༤༤ ཐོག ཡུ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཁམས་རྫ་སྟོད་རྫོང་ནང་ས་ཡོམ་ཤུགས་ཚད་རིམ་པ་༦.༤ ཅན་ཞིག་བརྒྱབ་ཡོད་འདུག
14627749_2557654883297_407912657_nས་ཡོམ་དེའི་གཏིང་ཚད་སྤྱི་ལེ་༣༢ ཀྱི་མཚམས་སུ་བརྒྱབ་ཡོད་པ་དང་། ས་གནས་དེ་ག་རང་ལ། རྒྱ་གར་གྱི་ཉིན་རྒྱབ་ཆུ་ཚོད་༡ དང་སྐར་མ་༤ དང་། དེ་བཞིན་ཆུ་ཚོད་༡ དང་སྐར་མ་༥༤ བཅས་སུ་རིམ་བཞིན་ས་ཡོམ་ཤུགས་ཚད་རིམ་པ་༤.༢ དང་༤.༦ བཅས་ཀྱང་བརྒྱབ་ཡོད་འདུག
ས་ཡོམ་གྱི་ལྟེ་གནས་དེ་ཆབ་མདོ་གྲོང་ཁྱེར་ནས་སྤྱི་ལེ་༢༩༤ དང་། བོད་ཀྱི་རྒྱལ་ས་ལྷ་ས་ནས་སྤྱི་ལེ་༥༠༩  ཡི་མཚམས་སུ་ཆགས་ཡོད་པའི་རྫ་སྟོད་རྫོང་དུ་ཡིན་འདུག་ཀྱང་། ས་ཡོམ་གྱིས་གནོད་སྐྱོན་ག་ཚོད་བྱུང་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་ལྟའི་ཆར་གསལ་ཁ་མི་འདུག
མ་གཞི་ཧི་མ་ལ་ཡའི་ས་ཆ་རྣམས་ནི་འཛམ་གླིང་གི་དབུས་ནས་ཆེས་ས་ཡོམ་གྱི་ཉེན་ཁ་ཆེ་ཤོས་ཤིག་ཡིན་འདུག་ལ། དེ་ཡང་ཡོ་རོབ་དང་ཨེ་ཤེ་ཡའི་ས་འོག་གི་བྲག་རྡོ་སྡེར་གཟུགས་ཅན་རྣམས་གདོང་ཐུག་ཡང་ཡང་དུ་འབྱུང་གི་ཡོད་པས་ཡིན་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།