རྒྱ་གར་གྱི་ཕྱི་བསྐྱོད་ལག་ཁྱེར་བླངས་ན་སྐྱབས་བཅོལ་ལག་དེབ་ཉར་ཆོག་གི་མ་རེད།
རྒྱ་གར་གྱི་ཕྱི་བསྐྱོད་ལག་འཁྱེར་(Passport) དང་། འོས་ཤོག་ལག་ཁྱེར་ག་རེ་བླངས་ན་ཡང་སྐྱབས་བཅོལ་ལག་དེབ་དང་དེབ་ལྗང་ཁུ། ཕྱི་བསྐྱོད་ལག་ཁྱེར་བཅས་མ་བསྡུས་ན་ཁྲིམས་འགལ་རེད་ཅེས་སྲིད་སྐྱོང་གིས་གསུངས་སོང་།
ཟླ་འདིའི་ཚེས་༢༩ ཉིན་བོད་མི་མང་གྲོས་ཚོགས་སྐབས་༡༦ པའི་ཚོགས་དུས་གཉིས་པའི་ཉིན་དགུ་པར་སྲིད་སྐྱོང་གིས་གྲོས་ཚོགས་ནང་རྒྱ་གར་མི་སེར་ལག་ཁྱེར་ཞུ་བའི་གནད་དོན་གྱི་སྐོར་ལ་གསུང་དོན་དུ། “བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་དུ་ཡོད་པའི་ཆབ་སྲིད་ཀྱི་སྒྲིག་འཛུགས་གཙོ་ཆེ་ཤོས་དེ་ཆགས་ཡོད་རེད། བོད་ནང་གི་བོད་མིའི་བདེ་སྡུག་ལ་བལྟ་རྒྱུ་དང་མངོན་འདོད་བསྒྲུབ་རྒྱུའི་ཐོག་རྒྱ་བལ་འབྲུག་གསུམ་གཙོས་པའི་སྐྱབས་བཅོལ་དུ་འབྱོར་བའི་བོད་པ་རྣམས་ཀྱི་བདེ་སྡུག་ལ་གཟིགས་རྒྱུ་རེད། ཕྱི་རྒྱལ་ཁག་དང་རྒྱ་གར་གཞུང་གིས་སྐྱབས་བཅོལ་གྱི་གནས་བབས་ཐོག་ནས་ང་ཚོར། སློབ་གྲྭ་འཛུགས་རྒྱུ་དང་། གཞིས་ཆགས་རྒྱག་པ་བཅས་ལ་རོགས་དངུལ་གནང་གི་ཡོད་རེད། གལ་ཏེ་ང་ཚོ་རྒྱ་གར་གྱི་མི་སེར་ཡིན་ཟེར་ན། རྒྱ་གར་གཞུང་གིས་ལྟ་རྟོག་བྱེད་ཀྱི་རེད། ཁྱོད་རང་ཚོས་རོགས་དངུལ་ཞུ་དགོས་པ་མི་འདུག་ཟེར་གྱི་རེད། བོད་མིའི་སྒྲིག་འཛུགས་ཀྱིས་ལྟ་རྟོག་བྱེད་ས་དེ་སྐྱབས་བཅོལ་བ་རེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་མི་སེར་བླང་ཞེས་ནམ་ཡང་ལབ་ཐུབ་ཀྱི་མ་རེད། གནད་དོན་དེ་དོ་བདག་རང་རང་གིས་ཐག་གཅོད་དགོས་རེད།” ཅེས་རྒྱ་གར་མི་སེར་ལག་འཁྱེར་ཞུ་མིན་དེ་དོ་བདག་རང་རང་གིས་ཐག་གཅོད་བྱེད་དགོས་ཚུལ་གསུངས་སོང་ལ།
དེ་བཞིན་ཁོང་གིས་ཁྲིམས་ཐོག་ནས་རྒྱ་གར་མི་སེར་ལག་འཁྱེར་དང་། སྐྱབས་བཅོལ་ལག་དེབ་གཉིས་ཀ་ཉར་ན་འགྲིག་མིན་ཐད་ནས་གསུང་དོན་དུ། “ཁག་ཅིག་གིས་རྒྱ་གར་མི་སེར་ལག་ཁྱེར་ཞུས་ན་ཁྲིམས་ཐོག་ནས་ག་རེ་ཆགས་ཀྱི་རེད། རྒྱ་གར་གྱི་ཕྱི་བསྐྱོད་ལག་ཁྱེར་ཡོད་ན་སྐྱབས་བཅོལ་ལག་དེབ་འཛིན་རྒྱུའི་ཐད་ལ་དཀའ་ངལ་འདུག་ཟེར་ནས་སྐད་ཆ་འདྲི་ཡི་འདུག རྒྱ་གར་ཕྱི་བསྐྱོད་ལག་ཁྱེར་ཞུས་ན་ཡིན་དང་ཡིན། འོས་བླུག་ཡའི་ལག་ཁྱེར་བཟོས་ན་ཡང་སྐྱབས་བཅོལ་ལག་དེབ་དང་། དེབ་ལྗང་ཁུ། ཕྱི་བསྐྱོད་ལག་དེབ་སེར་པོ་(IC)རྣམས་ཡར་བསྡུ་དགོས་ཀྱི་ཡོད་རེད། གང་ཡིན་ཟེར་ན། དོ་བདག་རང་ཉིད་རྒྱ་གར་ཡིན་ཟེར་གྱི་ཡོད་རེད། དེ་ཡིན་ན་ཁྱོད་རང་ལ་བོད་པའི་སྐྱབས་བཅོལ་དེབ་དགོས་པ་ཡོད་མ་རེད། རྒྱུ་མཚན། བོད་པའི་སྐྱབས་བཅོལ་ལག་དེབ་དེ་བོད་པ་རྒྱ་གར་ལ་སྡོད་ཆོག་པའི་ཡིག་ཆ་ཞིག་རེད། ཁྱོད་རང་གིས་རྒྱ་གར་གྱི་ཕྱི་བསྐྱོད་ལག་དེབ་བླངས་ནས་རྒྱ་གར་ཡིན་ལབ་དུས་སྐྱབས་བཅོལ་ལག་དེབ་ནུས་མེད་དུ་གྱུར་པ་རེད། ཕྱི་བསྐྱོད་ལག་དེབ་སེར་པོ་བརྒྱུད་ནས་ཕྱི་རྒྱལ་ལ་འགྲོ་ཡི་ཡིན་ལབ་རྒྱུ་ཡོད་མ་རེད། རྒྱ་གར་གྱི་ཕྱི་བསྐྱོད་ལག་ཁྱེར་དང་སྐྱབས་བཅོལ་ལག་དེབ་གཉིས་ཀ་ཉར་ཆོག་གི་མ་རེད། མ་ཟད། རྒྱ་གར་གྱི་འོས་ཤོག་བླུག་རྒྱུའི་ལག་དེབ་ཀྱང་རྒྱ་གར་མི་སེར་ལ་མ་གཏོགས་གཞན་ལ་མེད་ཙང་། དེ་དང་སྐྱབས་བཅོལ་ལག་དེབ་གཉིས་ཀ་ཉར་ཆོག་གི་མ་རེད། ཉར་ན་ཁྲིམས་འགལ་རེད། བོད་པ་ལ་རྒྱ་གར་གྱི་ཕྱི་བསྐྱོད་ལག་ཁྱེར་ཞུ་རྒྱུའི་བཀའ་ཁྲོལ་ཡོད་རེད། དེ་ཡོད་ན་ཕྱི་རྒྱལ་ལ་འགྲོ་དུས་གནམ་ཐང་ནས་ཐད་ཀར་འགྲོ་ཆོག་པ་སོགས་ཀྱི་དབང་གིས་སྟབས་བདེ་བ་ཡོད་རེད། རེད་དེ། རྒྱ་གར་གྱི་ཕྱི་བསྐྱོད་ལག་དེབ་ཞུས་ན་ང་ཚོ་སྐྱབས་བཅོལ་བའི་དཀའ་ངལ་རྦད་དེ་སེལ་གྱི་རེད་པེ་ཟེར་ན་སེལ་གྱི་མ་རེད། དཔེར་ན། རྒྱ་གར་ཡུ་པིའི་མངའ་སྡེ་ནང་ཡིག་སྐྱེལ་བ་༡༧ གྱི་ལས་གནས་ས་མིག་གསལ་བསྒྲགས་བྱེད་སྐབས་སྙན་ཞུ་རྒྱག་མཁན་འབུམ་རམས་པ་ནས་བརྩིས་པའི་མི་འབུམ་༡ ཙམ་བྱུང་ཡོད་རེད། བོད་པ་རྒྱ་གར་གྱི་མི་སེར་ལག་འཁྱེར་ཡོད་མཁན་ཞིག་ཡིན་ན་ཡང་མི་དེ་ཚོ་དང་བསྡུར་དགོས་རེད་མ་གཏོགས་ལས་ཀ་རག་བསྡད་པ་དེ་འདྲ་ཡོད་མ་རེད། རྒྱ་གར་མི་སེར་ལག་འཁྱེར་ཞུས་ནས་དཀའ་ངལ་ལས་ཞེད་པོ་གྲོལ་འགྲོ་ཡི་ཡོད་རེད་བསམ་ན་དེ་འདྲ་མ་རེད།”ཅེས་གསུངས་སོང་ལ།
ཡང་ཁོང་གིས་དེ་དང་འབྲེལ་ནས་གསུང་དོན་དུ། “གལ་ཏེ་རྗེས་སུ་བོད་པ་རྒྱ་གར་གྱི་མི་སེར་ལག་འཁྱེར་ཞུ་མཁན་མང་དུ་མང་དུ་ཕྱིན་ན་དེ་དག་རྒྱ་གར་གཞུང་གི་མཐུན་རྐྱེན་ཐོག་ནས་འགྲོ་དགོས་རྐྱེན་གཞིས་ཆགས་རྒྱག་རྒྱུའི་མཚོན་སྐྱབས་བཅོལ་གྱི་ཐོབ་ཐང་རག་བསྡད་པ་རྣམས་ཡོད་རེད་དང་མ་རེད་ཟེར་རྒྱུའི་སྐད་ཆ་དེ་ཆེ་རུ་ཆེ་རུ་འགྲོ་ཡི་རེད། དེ་དུས་སྐབས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལངས་ཕྱོགས་གསལ་པོ་བཟོ་དགོས་ཁེལ་གྱི་རེད། འགའ་ཤས་ཀྱི་བསམ་པར་རྒྱ་གར་གྱི་འོས་བླུག་རྒྱུའི་ལག་ཁྱེར་ལེན། ཕྱི་རྒྱལ་ལ་འགྲོ་རྒྱུའི་ལག་ཁྱེར་ལེན། དེ་མིན་པའི་སྐྱབས་བཅོལ་གྱི་ཐོབ་ཐང་གཞན་པ་ཚང་མ་ལེན་དགོས་བསམ་གྱི་ཡོད་ས་རེད་དེ། དེ་འདྲ་ཡོང་རྒྱུ་ཡོད་མ་རེད། ད་ལྟ་ཉུང་ཤས་ཤིག་ཡིན་དུས་གནས་ཚུལ་ཁ་ཁ་རེད། ཡང་ཕྱོགས་གཞན་ཞིག་ནས་ཁེ་ན་ཌ་མཚོན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་པར་སྐྱབས་བཅོལ་མ་རག་ནས་ཡིག་ཆ་ནག་པོ་ཆགས་པ་དེ་འདྲ་ཡོང་གི་ཡོད་རེད། སྐྱབས་བཅོལ་ལག་དེབ་ཀྱང་ལོ་ལྔ་ནང་ཐེངས་རེར་ཕྱིར་འགྱངས་བྱས་ན་འགྲིག་པ་དང་། དེའི་སྒང་ལ་ང་ཚོས་གནས་ཚུལ་དེའི་རིགས་དེ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་པ་ལ་བརྟེན་ནས་ཚང་མས་རྟོགས་འགྲོ་ཡི་ཡོད་རྐྱེན། ཁྲིམས་དཔོན་ཚོས་རྒྱ་གར་ལ་སྐྱབས་བཅོལ་གྱི་མཐུན་རྐྱེན་བཟང་དུ་ཕྱིན་འདུག མི་སེར་ལག་ཁྱེར་གྱི་ཐོབ་ཐང་ཡང་འདུག ད་དེར་སྐྱབས་བཅོལ་གྱི་ཐོབ་ཐང་ཡོད་མ་རེད་ཟེར་ཁྲིམས་དཔོན་ཚོས་དཔེ་དྲངས་ཀྱི་འདུག ཁྲིམས་དཔོན་ཚོས་བོད་ཀྱི་སྐྱབས་བཅོལ་བ་ཞེས་གྷོ་གྷེལ་ནང་བྲིས་དུས་བོད་ཀྱི་སྐྱབས་བཅོལ་བ་རྣམས་ལ་རྒྱ་གར་མི་སེར་ལག་ཁྱེར་རག་འདུག་ཅེས་ཤར་དུས། ཕྱི་རྒྱལ་ཁག་ཏུ་སྐྱབས་བཅོལ་རག་པར་དོ་དམ་ཡོང་གི་ཡོད་རེད་”ཅེས་སོགས་གསུངས་སོང་།
གསར་འགོད་པ་བཀྲ་ཤིས་དོན་གྲུབ་ཀྱིས།