ལམ་ཁ་འདི་ལས་ལྷག་མི་འདུག

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༠༠)
ཁ་སང་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུའི་གྲུབ་འབྲས་ཡོངས་ཁྱབ་གསལ་བསྒྲགས་གནང་ཞིང་། གཞུང་འཛིན་བྷི་ཇེ་པི་སྲིད་དོན་ཚོགས་པ་ལ་ཞབས་སྟེགས་མང་ཤོས་ཐོབ་ཡོད་ཀྱང་། སྐབས་སྔོན་མ་བཞིན་གཞན་ལ་བརྟེན་མི་དགོས་པའི་རྒྱལ་ཁ་ཆེན་པོ་དེ་འདྲ་ཡང་ཐོབ་མི་འདུག རྒྱ་གར་ནི་གོ་ལའི་ཁྱོན་འདིར་འོས་བསྡུའི་ལམ་ནས་སྲིད་གཞུང་འདེམས་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པ་མཚམས་བཞག་ནས་མང་གཙོའི་ལམ་ལ་རེ་བ་ཆེན་པོ་བརྒྱབ་པའི་དུས་སྐབས་དང་བསྡུར་ན། ད་ལྟའི་ཆར་ཤར་ནུབ་ཀུན་ཏུ་དེ་ཙམ་དང་འདོད་མི་བྱེད་པར་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་། རྒྱ་གར་སོགས་ཀྱི་བྱེད་སྟངས་ཀྱང་རྒྱལ་ཁབ་སྤྱིའི་ཁེ་ཕན་ལས་སྲིད་དོན་ཚོགས་པ་བྱེ་བྲག་པའི་ཁེ་ཕན་གལ་ཆེར་བརྩི་ཞིང་། སྲིད་དོན་ཚོགས་པའི་ཁེ་ཕན་ཆེད་ཁ་གཏད་ཀྱི་སྲིད་དོན་པ་ལ་དངོས་ཤུགས་བརྒྱུད་ནས་གནོན་ཤུགས་སྤྲོད་པ་མ་ཟད། སྐབས་རེ་ཁྲིམས་ཁང་ཡང་བེད་སྤྱོད་ལོག་པར་བཏང་ནས་མ་ཉེས་ཁག་གཡོགས་བྱེད་ཀྱི་ཡོད་པའི་རྣམ་པ་མཐོང་རྒྱུ་འདུག

ད་ལན་བཤད་འདོད་པ་ནི་རྒྱལ་སྤྱི་དང་རྒྱ་གར་གྱི་མང་གཙོ་མ་ཡིན་པར། རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་ནང་བཙན་བྱོལ་བོད་མི་མཉམ་ཞུགས་དགོས་དང་མི་དགོས། བྱས་ན་ཕན་གནོད་གང་ཡོད་སྐོར་རགས་ཙམ་གླེང་རྒྱུ་ཡིན། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཨ་རི་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག ཨོ་སི་ཁྲུ་ལི་སོགས་ཀྱི་མི་སེར་ལག་འཁྱེར་ལེན་པར་དགག་བྱ་བྱེད་མཁན་མེད་ལ། མི་སེར་ལག་འཁྱེར་ཐོབ་པ་ངོམ་སོ་དང་དགའ་བསུ་བྱེད་མཁན་ཡང་ཧ་ཅང་མང་པོ་ཡོད། འོན་ཀྱང་རྒྱ་གར་གྱི་མི་སེར་ཐོབ་ཐང་བླངས་པར་དངོས་ཤུགས་བརྒྱུད་གསུམ་ནས་སྐྱོན་དུ་མཐོང་མཁན་མང་པོ་འདུག། རྒྱ་གར་དུ་ཡོད་པའི་བོད་མི་མང་ཙམ་ཞིག་གིས་རྒྱ་གར་གྱི་ལག་འཁྱེར་ལེན་པ་ནི་ཕྱི་རྒྱལ་ཁག་ཏུ་བསྐྱོད་སྟབས་བདེ་བའི་ཆེད་འབའ་ཞིག་ཡིན་པ་ལས། རྒྱ་གར་རྒྱལ་ཁབ་འདིའི་ནང་ཁེ་ཕན་དང་ཐོབ་ཐང་ལ་རེ་བ་རྒྱག་མཁན་ཅུང་དཀོན་པོ་ཡིན། གང་ལྟར་བལ་ཡུལ་གྱི་མི་སེར་བཟོས་ན་སྐྱོན་བརྗོད་གང་ཡང་མེད་པར་རྒྱ་གར་གྱི་མི་སེར་བཟོ་རྒྱུར་དགག་བྱ་ཆེན་པོ་དགོས་པའི་རྒྱུ་མཚན་གང་ཡང་མེད།

རྩ་བས་བཙན་བྱོལ་བོད་མིས་རྒྱ་གར་གྱི་མི་སེར་བཟོ་དང་མི་བཟོ་ནི། རྒྱ་གར་གྱི་ཁྲིམས་ལུགས་ལ་རག་ལས་པ་ཞིག་ལས། བཟོ་འདོད་པ་ཙམ་གྱིས་བཟོ་ཆོག་ཆོག་ཅིག་མིན། གོང་དུ་བརྗོད་པ་བཞིན་རྒྱལ་ཁབ་གཞན་གྱི་མི་སེར་བཟོ་བར་དགག་བྱ་མེད་པར། རྒྱ་གར་གྱི་མི་སེར་བཟོ་བར་དགག་བྱ་དགོས་པའི་རྒྱུ་མཚན་མེད་པ་ནི་ཁྲིམས་ཐོག་ནས་གཅིག་གྱུར་ཡིན། བོད་མི་གནས་སྡོད་བྱ་ཡུལ་ཆེ་ཤོས་རྒྱ་གར་ཡིན་པ་དང་། བཙན་བྱོལ་བོད་གཞུང་གི་ལྟེ་གནས་ཀྱང་རྒྱ་གར་དུ་ཡོད་པས་རྒྱ་གར་དུ་གནས་སྡོད་བྱེད་མཁན་བོད་མི་རྣམས་བཙན་བྱོལ་བའི་ངོ་བོར་མུ་མཐུད་གནས་དགོས་པའི་རེ་བ་རྒྱག་མཁན་ཕྱི་ནང་གང་སར་ཡོད་ཀྱང་། ༧གོང་ས་མཆོག་དགུང་ན་མཐོ་རུ་ཕེབས་པ་དང་། རྒྱ་དམར་གཞུང་གི་རྣམ་འགྱུར་སོགས་གང་ཐད་ནས་གཞིས་བྱེས་མཉམ་འཛོམས་ཀྱི་རེ་བ་གནས་སྐབས་མེད་པ་ལྟ་བུར་གྱུར་ཡོད་པས། རྒྱལ་གར་དུ་གནས་སྡོད་བྱས་ཡོད་པས་བོད་མི་རྣམས་ཀྱིས་རང་ཉིད་དང་བུ་ཕྲུག་གི་མདུན་ལམ་ཐོག་བསམ་བློ་བཏང་ནས་འཆར་གཞི་ངེས་པར་དུ་ཡོད་དགོས་པ་ཞིག་རེད།

༧གོང་ས་མཆོག་གིས་“རེ་བ་བཟང་ས་ནས་རྒྱག་དགོས། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་”ཞེས་གདམས་ངག་གནང་བ་བཞིན། བོད་དོན་འཐབ་རྩོད་མུ་མཐུད་བྱས་ནས་གཞིས་བྱེས་མཉམ་འཛོམས་ཡོང་བའི་རེ་བ་རྒྱག་དགོས་པ་དང་། སྡུག་ས་ནས་༧གོང་ས་མཆོག་ཞལ་མ་བཞུགས་པའི་གནས་ཚུལ་ཐབས་སྡུག་ཅིག་བྱུང་བའི་དབང་དུ་བཏང་ན། བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་རྒྱ་གར་དུ་གནས་སྡོད་བྱེད་མཁན་རྣམས་ལ་མ་འོངས་པར་འཚོ་རྟེན་དང་། བོད་པའི་ཆོས་དང་རིག་གནས་བདག་པོ་རྒྱག་ཐུབ་པའི་ཁོར་ཡུག་ཅིག་མུ་མཐུད་གནས་ཐུབ་པར་ཁྲིམས་ཐོག་ནས་ཐོབ་ཐང་ཡོད་མཁན་རྣམས་ཀྱིས་རྒྱ་གར་གྱི་མི་སེར་བཟོ་རྒྱུ་དེ་ཐབས་ལམ་ཞིག་ཏུ་གྱུར་ཡོད། ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་ལ་རོགས་རམ་དང་མཐུན་འགྱུར་གནང་བ་ནི། དམིགས་བསལ་གཟིགས་སྐྱོང་གནང་བ་ཞིག་ལས་ཁྲིམས་ཐོག་ནས་རྒྱ་གར་གཞུང་ལ་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་མ་རེད་ལ། བཙན་བྱོལ་བོད་མི་རྣམས་ལ་མཚོན་ནའང་ཡིན་ཤག་ཤག་གི་ཐོབ་ཐང་ཞིག་དེ་བས་ཀྱང་མ་རེད།

མདོར་ན་མ་འོངས་པར་རྒྱ་གར་དུ་སྡོད་མཁན་བོད་མི་རྣམས་ཀྱིས་གོ་སྐབས་འདི་ལེན་དགོས་པ་ཞིག་ལས། ཕྱི་རྒྱལ་དུ་འགྲོ་བསྐྱོད་བདེ་ཙམ་གྱི་ཆེད་རྒྱ་གར་གྱི་ལག་འཁྱེར་བཟོ་བ་ནི་རྒྱུ་མཚན་ཚད་ལྡན་ཞིག་མིན་པ་མ་ཟད། རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་ཞུ་སྐབས་ཡིག་ཆ་རག་རྒྱུའི་འགལ་རྐྱེན་དུའང་འགྱུར་ངེས་རེད། རྒྱ་གར་གྱི་མི་སེར་བཟོ་རྒྱུའི་གནད་དོན་འདི་སྲིད་སྐྱོང་འོས་བསྡུའི་སྐབས་གླེང་དགོས་ངེས་ཤིག་ཡིན་ནའང་ད་བར་གླེང་མྱོང་མེད། དཔེར་ན་གཞིས་ཆགས་ཕལ་ཆེ་བའི་ས་ཆའི་བོགས་དུས་ལོ་༢༤ རེ་ཡིན་པ་སོགས་ངན་ཕྱོགས་ནས་བསམ་བློ་བཏང་ན་ཉེན་ཁའང་མང་པོ་ཡོད། ད་ལྟའི་ཆར་རྒྱ་གར་དུ་གནས་སྡོད་བྱེད་མཁན་ན་གཞོན་སོགས་ཁྲིམས་ཐོག་ནས་ཐོབ་ཐང་ཡོད་མཁན་མང་པོས་རྒྱ་གར་གྱི་མི་སེར་བཟོ་བཞིན་པ་འདིར། གོང་སྨྲོས་བཞིན་དམིགས་ཡུལ་ཐོག་ནས་ཐེ་ཚོམ་ཞིག་ཡོད་ཀྱང་། ལག་ལེན་ཐོག་ནས་འདི་ལས་ལྷག་པའི་ལམ་ཁ་ཞིག་མེད་པ་ལྟ་བུར་གྱུར་འདུག་པས། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་འདི་ལ་ཐུགས་སྣང་ངེས་པར་གནང་དགོས་པ་ཞིག་ཏུ་གྱུར་ཟིན།།