ལོ་ངོ་བཅོ་བརྒྱད་ཀྱི་རྗེས་ཧྥི་ལི་པིན་གྱི་སྲིད་འཛིན་ཞིག་རྒྱ་གར་དུ་འཚམས་གཟིགས་ཐོག་མ་ཕེབས།

རྒྱ་ནག་གི་འཕེལ་རྒྱས་དང་ཤུགས་རྐྱེན་ལ་ཐུན་མོང་གིས་གདོང་ལེན་བྱེད་ཆེད། རྒྱ་གར་དང་ཧྥི་ལི་པིན་གཉིས་ཉེ་བོར་གྱུར་ཞིང་། ལོ་ངོ་བཅོ་བརྒྱད་ཀྱི་རྗེས། ཧྥི་ལི་པིན་གྱི་སྲིད་འཛིན་ཞིག་རྒྱ་གར་དུ་འཚམས་གཟིགས་ཐོག་མ་ཕེབས་པའི་གནས་ཚུལ་ཐོན་འདུག

པར། Philstar

ཟླ་༨ ་ཚེས་༥ ཉིན་༼Philstar༽ ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧྥི་ལི་པིན་གྱི་སྲིད་འཛིན་སྐུ་ཞབས་ཕར་ཌི་ནན་ཌི་ མར་ཁོས་རྗུ་ནི་ཡོར་༼Ferdinand Marcos Jr.༽ ཟླ་༨ ཚེས་༤ རེས་གཟའ་ཟླ་བའི་ཉིན། རྒྱ་གར་ལ་ཐོག་དང་པོའི་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཤིང་། ཟླ་༨ པའི་ཚེས་༨ ཉིན་ཧྥི་ལི་པིན་དུ་ཕྱིར་ལོག་རྒྱུ་ཡིན་འདུག

འཚམས་གཟིགས་དེ་ནི་སྲིད་འཛིན་མར་ཁོས་ཀྱི་ཕྱི་རྒྱལ་འཚམས་གཟིགས་རིང་ཤོས་གྲས་ཤིག་ཆགས་ཡོད་པ་མ་ཟད། ཁོང་དང་ལྷན་དུ་བཀའ་བློན་ལྷན་ཁང་གི་དྲུང་ཆེ་ཉུང་མཐར་ཡང་བཅུ་ཙམ་ཕེབས་ཤིང་། དེ་ཡང་ཁོང་གི་བཀའ་བློན་ལྷན་ཁང་གི་དྲུང་ཆེ་ཕྱེད་ཀ་ཙམ་ཟིན་པས་འཚམས་གཟིགས་ཕེབས་པའི་སྐུ་ཚབ་ཚོགས་པ་ཆེ་ཤོས་གྲས་ཤིག་ཀྱང་ཆགས་ཡོད་འདུག ལྷག་པར་དུ་འདས་པའི་ལོ་ངོ་༡༨ ཀྱི་རིང་། ཧྥི་ལི་པིན་གྱི་སྲིད་འཛིན་ཞིག་རྒྱ་གར་དུ་ཕེབས་པ་ཐོག་མ་གྱུར་པས་འཚམས་གཟིགས་དེ་གལ་གནད་ཅན་ཞིག་ཆགས་ཡོད་འདུག

འཚམས་གཟིགས་དེར་ཕྱི་འབྲེལ་ནས་དཔལ་འབྱོར་བར་གྱི་དམིགས་ཡུལ་སྣ་མང་ཡོད་ན་ཡང་། སྲིད་འཛིན་མར་ཁོས་ཀྱིས་སྔོན་ནས་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་ཚོའི་མངའ་ཁུལ་དུ་ཞི་བདེ་རྒྱུན་སྐྱོང་གི་འབད་བརྩོན་བྱེད་ཕྱོགས་ཐད་རྒྱལ་ཁབ་གཉིས་པོ་ཐག་ཇེ་ཉེར་བཏང་ཡོད་ཅེས་བརྗོད་འདུག

ཁ་སང་ཧྤི་ལི་པིན་གྱི་སྲིད་འཛིན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་ཧྥི་ལི་པིན་གྱི་མི་མང་དང་ཐུག་འཕྲད་བྱེད་པའི་སྐབས། ཁོང་དང་རྒྱ་གར་གྱི་སྲིད་བློན་གཉིས་ཀྱིས་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་༼Strategic Partnership༽ ཞིག་དབུ་འབྱེད་གནང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་དང་། ཧྥི་ལི་པིན་དང་རྒྱ་གར་གྱི་འབྲེལ་བ་དེ་རྒྱལ་སྲུང་སོགས་གནད་དོན་ཁག་ཅིག་གི་ཐོག་དེ་བས་ཤུགས་ཆེ་རུ་འགྲོ་རྒྱུའི་སྐོར་གསུང་བཤད་གནང་ཡོད་འདུག སྲིད་འཛིན་མར་ཁོས་སྐུ་ཚབ་ཚོགས་པའི་ནང་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་གྷི་བྷོ་ ཊེ་ཌོ་རོ་༼Gibo Teodoro༽ ཕེབས་ཡོད་ཅིང་། ཁོང་ནི་ད་ལྟའི་སྲིད་གཞུང་ནང་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་ཤོས་གནང་མཁན་ཞིག་ཡིན་འདུག

ཧྥི་ལི་པིན་དང་རྒྱ་གར་གཉིས་བར་སྤྱི་ལེ་སྟོང་ཕྲག་མང་པོས་དབྱེ་བ་ཕྱེས་ཡོད་ན་ཡང་། ཕྱི་ལོ་༢༠༢༠ ལོར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་བ་དང་གཅིག ཧྥི་ལི་པིན་དང་རྒྱ་ནག་གཉིས་ནུབ་ཧྥི་ལི་པིན་རྒྱ་མཚོའི་ཐོག་རྩོད་རྙོག་བྱུང་ནས་ལོ་མང་ཕྱིན་ཡོད་པ་མ་ཟད། རྩོད་རྙོག་འདི་དག་སྲིད་འཛིན་མར་ཁོས་ཀྱི་སྲིད་དབང་འོག་ཇེ་ཆེར་ཕྱིན་ནས། སྲིད་འཛིན་ཟུར་པ་༼Rodrgo Duterte༽ དང་མ་འདྲ་བར། ཁོང་གི་རྩོད་རྙོག་ཅན་གྱི་མཚོ་ཁུལ་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཕྱིན་པ་བཅས། རྒྱལ་ཁབ་གཉིས་ཀའི་ས་ཆའི་བདག་དབང་ལ་རྒྱ་ནག་གིས་འགྲན་རྩོད་བྱེད་བཞིན་ཡོད་འདུག

ནུབ་ཧྤི་ལི་པིན་རྒྱ་མཚོའི་ཐོག་རྒྱ་ནག་དང་གྲོས་མཐུན་བཞག་པ་ནས་བཟུང་། ཧྤི་ལི་པིན་གྱིས་རང་གི་མངའ་ཁོངས་བདག་དབང་བསྐྱར་དུ་ནན་བརྗོད་བྱེད་པ་དང་། ད་ཆ་འཛམ་གླིང་ཡོངས་སུ་མནའ་འབྲེལ་བཙུགས་ནས་ཤུགས་སྣོན་རྒྱག་བཞིན་ཡོད་འདུག།

ཧྥི་ལི་པིན་ནི་ཨ་རི་དང་ཡུན་རིང་གི་མནའ་མཐུན་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཊོམ་སྲིད་གཞུང་གིས་ཧྤི་ལི་པིན་ལ་རྒྱལ་སྲུང་བྱེད་རྒྱུའི་ཁས་ལེན་བསྐྱར་ནན་བྱས་ཡོད་ན་ཡང་། ཊོམ་གྱི་ལངས་ཕྱོགས་གློ་བུར་དུ་འགྱུར་འགྲོ་བར་སྐད་གྲགས་ཡོད་པས་གནས་སྟངས་ལ་ངེས་གཏན་མེད་པའི་ཚོར་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག

ཧྥི་ལི་པིན་གྱིས་རྒྱ་གར་ནས་རྒྱལ་སྲུང་གི་མཚོན་ཆ་མཁོ་སྒྲུབ་བྱས་ཟིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ནུབ་ཧྤི་ལི་པིན་རྒྱ་མཚོའི་ནང་མཉམ་འབྲེལ་གྱི་མཚོ་ཐོག་སྐོར་གཡེང་བྱས་ཡོད་འདུག།ཧྤི་ལི་པིན་གྱི་ངོས་ནས་ཨ་རི་ཁོ་ནར་བརྟེན་ན་མི་འགྲིག་པའི་ཚོར་སྣང་དང་། རྒྱལ་སྲུང་གི་མནའ་མཐུན་རྒྱལ་ཁབ་སྣ་མང་བཟོ་དགོས་པའི་དགོས་མཁོ་བྱུང་ཡོད་པར་བརྟེན། རྒྱ་གར་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཅིག་དང་མཉམ་འབྲེལ་བྱེད་པ་ནི་རང་ཉིད་ཀྱི་རྒྱལ་སྲུང་གི་ནུས་ཤུགས་ཆེ་རུ་གཏོང་ཐབས་ཤིག་ཆགས་ཡོད་འདུག

རྒྱ་གར་ལ་མཚོན་ན། རྒྱ་ནག་གིས་རྒྱ་གར་གྱི་མཐའ་འཁོར་དུ་མུ་ཏིག་གི་ཕྲེང་བ་༼String of Pearls༽ ཟེར་བའི་འཐབ་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། དེ་ནི་རྒྱ་གར་གྱི་མཐའ་སྐོར་གྱི་རྒྱལ་ཁབ་ཁག་ཏུ་གྲུ་ཁ་དང་ཚོང་ལས་ཀྱི་རྟེན་གཞི་བཙུགས་ནས་ཤུགས་རྐྱེན་ཆེ་རུ་གཏོང་ཐབས་བྱེད་བཞིན་ཡོད། དེར་ཁ་གཏད་གཅོག་ཆེད། རྒྱ་གར་གྱིས་ཤར་ཕྱོགས་སུ་སྐྱོད་པའི་སྲིད་ཇུས་༼Act East Policy༽ ལག་བསྟར་བྱས་ཏེ། ཤར་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་འབྲེལ་བ་བྱེད་བཞིན་ཡོད་པ་དང་། ཧྤི་ལི་པིན་དང་མཉམ་འབྲེལ་བྱེད་པ་ནི་རྒྱ་ནག་གི་མུ་ཏིག་གི་ཕྲེང་བ་ལ་ཁ་གཏད་གཅོག་པའི་ཕ་ལམ་གྱི་སྐེ་རྒྱན་༼necklace of diamonds༽ ཞེས་པའི་འཐབ་ཇུས་ཀྱི་ཆ་ཤས་ཤིག་ཡིན་པར་བརྗོད་འདུག

ཕྱི་འབྲེལ་དང་དཔལ་འབྱོར་ཙམ་མ་ཡིན་པར། རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད་དང་། སྤྱི་ལེ་སྟོང་ཕྲག་མང་པོས་ཆོད་པའི་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།