ལོ་ངོ་བདུན་གྱི་རྗེས་རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཏུ་འཚམས་གཟིགས་སུ་བསྐྱོད་རྒྱུ་ཡིན་འདུག
རྒྱ་ནག་ཏུ་འཚོགས་གཏན་ཁེལ་བའི་ཧྲང་ཧེ་མཉམ་འབྲེལ་ཚོགས་པའི་ཚོགས་འདུ་ལ་མཉམ་ཞུགས་ཆེད། རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཏུ་བསྐྱོད་འཆར་ཡོད་འདུག་པ་དང་། དེ་ནི་ལོ་ངོ་བདུན་གྱི་ནང་རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཏུ་འཚམས་གཟིགས་སུ་བསྐྱོད་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

ཟླ་འདིའི་ཚེས་༧ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་༨ པའི་ཚེས་༣༡ ཉིན། རྒྱ་ནག་གི་གྲོང་ཁྱེར་ཐེན་ཅིན་དུ་ཧྲང་ཧེ་མཉམ་འབྲེལ་ཚོགས་པའི་ཚོགས་འདུ་དེ་འགོ་འཛུགས་བྱེད་རྒྱུ་ཡིན་པ་དང་། ཚོགས་འདུ་འདིའི་ནང་མཉམ་ཞུགས་ཆེད། རྒྱ་གར་གྱི་སྲིད་བློན་མུ་དྷི་ཡང་རྒྱ་ནག་ཏུ་བསྐྱོད་འཆར་དང་། ཚོགས་འདུའི་ཞོར་དུ་རྒྱ་ནག་གི་སྲིད་འཛིན་དང་ཐུག་འཕྲད་ཀྱིས་གྲོས་མོལ་གནང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
གལ་སྲིད་རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཏུ་བསྐྱོད་པ་ཡིན་ན་དེ་ནི་ལོ་ངོ་བདུན་གྱི་ནང་ཁོང་ཉིད་རྒྱ་ནག་ཏུ་འཚམས་གཟིགས་སུ་བསྐྱོད་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག་ལ། ཐུག་འཕྲད་དེ་ནི་ཨ་རིའི་ཚོང་ཁྲལ་དང་ཨུ་རུ་སུའི་སྣུམ་ཉོ་སྒྲུབ་ཀྱི་ཐད་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་སུ་འབྱུང་བཞིན་ཡོད་འདུག
ཕྱི་ལོ་༢༠༡༨ ལོར། ཧྲང་ཧེ་མཉམ་འབྲེལ་ཚོགས་པའི་ཚོགས་འདུ་ནི་རྒྱ་ནག་གི་གྲོང་ཁྱེར་ཆིང་ཏའོ་ལ་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་སྲིད་བློན་མུ་དྷི་ཡང་ཚོགས་འདུ་ལ་མཉམ་ཞུགས་ཆེད་རྒྱ་ནག་ལ་ཕེབས་ཡོད་འདུག དེ་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་ཧིན་བོད་ས་མཚམས་སུ་གདོང་ཐུག་དྲག་པོ་བྱུང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཛ་དྲག་ཆེ་རུ་ཕྱིན།
ཕྱི་ལོ་༢༠༢༤ ཟླ༩ ཚེས་༢༣ ཉིན། ཨུ་རུ་སུའི་གྲོང་ཁྱེར་ཀ་ཟན་དུ་བྷི་རི་སི་༼BRICS༽ ལྷན་ཚོགས་ཀྱི་ཞོར་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་གཉིས་ཀྱིས་ཐུག་འཕྲད་བྱས་ཤིང་། ཐུག་འཕྲད་དེེས་ལ་དྭགས་ཤར་ཕྱོགས་ཀྱི་རྩོད་རྙོག་ཅན་གྱི་ས་ཚིགས་༼LAC༽ ་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་དང་སྐོར་གཡེང་བསྐྱར་དུ་འགོ་འཛུགས་བྱེད་རྒྱུའི་གཞི་བཏིང་ཡོད་འདུག
ཀ་ཟན་དུ་ཐུག་འཕྲད་བྱས་པའི་རྗེས་ཀྱི་ཟླ་ཤས་ནང་། རྒྱ་གར་རྒྱལ་ཡོངས་ཀྱི་བདེ་འཇགས་སློབ་སྟོན་པ་ཨ་ཇིཏ་ ཌོ་ཝལ་དང་། རྒྱལ་སྲུང་བློན་ཆེན་རཱཇ་ནཱཐ་སིངྒ། ཕྱི་སྲིད་དྲུང་ཆེ་ཝིཀ་རམ་ མིས་རི། དེ་བཞིན་ཟླ་བ་སྔོན་མའི་ནང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་བཅས་རྒྱ་ནག་ཏུ་ཕྱིན་ཡོད་འདུག
ལ་དྭགས་ཤར་ཕྱོགས་སུ་དམག་དཔུང་ཕྱིར་འཐེན་གྱི་བརྒྱུད་རིམ་མཇུག་བསྒྲིལ་ཡོད་ནའང་། ཕྱོགས་སོ་སོ་ནས་དམག་མི་༥༠,༠༠༠ ནས་ ༦༠,༠༠༠ བར་ད་དུང་ཡང་ས་མཚམས་ས་ཐིག༼LAC༽ ཁུལ་དུ་བཀྲམ་ཡོད་འདུག་པ་དང་། རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་དམག་དཔུང་གི་ཛ་དྲག་གནས་སྟངས་ལྷོད་དུ་གཏོང་བ་དང་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ལམ་སྟོན་འཆར་འགོད་ཐད་གྲོས་མོལ་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།