ལོ་མང་སྔོན་ནས་དབྱིན་ཡུལ་ནང་དུ་ཁྲག་ལས་བྱུང་བའི་ན་ཚ་དེ་གཞུང་གིས་ངོས་ལེན་དང་གུན་གསབ་སྤྲོད་རྒྱུ།

རྒྱ་གར་གྱི་དུས་བབ་གསར་ཁང་གི་པར།

ཕྱི་ལོ་༡༩༧༠ ནས་༡༩༩༠ ཙམ་བར་དབྱིན་ཇིའི་གཞུང་དང་རྒྱལ་ཡོངས་འཕྲོད་བསྟེན་ལྟ་སྐྱོང་པས་ཁྲག་དང་ཁྲག་ལས་བྱུང་བའི་དངོས་པོ་རྣམས་བཙོག་པ་ཡོད་པ་ཤེས་བཞིན་དུ་མི་དམངས་སྟོང་ཕྲག་མང་པོའི་ཐོག་བེད་སྤྱོད་བྱས་རྐྱེན་ཧ་ལམ་མི་༣༠༠༠ གྲོངས་ཡོད་པ་དང་། གཞན་མི་མང་པོ་ཞིག་གིས་མི་ཚེ་གང་པོར་འཆི་གསོན་གྱི་དཀའ་སྡུག་འཁྱེར་དགོས་པའི་ན་ཚ་འགོས་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་༢༡ ཉིན་Times of India ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཇིའི་གཞུང་དང་རྒྱལ་ཡོངས་འཕྲོད་བསྟེན་ལྟ་སྐྱོང་པས་ཁྲག་དང་ཁྲག་ལས་བྱུང་བའི་དངོས་པོ་རྣམས་བཙོག་པ་ཡོད་པ་ཤེས་བཞིན་དུ་མི་དམངས་སྟོང་ཕྲག་མང་པོའི་ཐོག་བེད་སྤྱོད་བྱས་རྐྱེན་ཧ་ཅང་གིས་འགོ་ཉེན་ཆེ་བའི་ན་ཚ་མང་པོ་ཞིག་ཁྱབ་བརྡལ་སོང་ཡོད་འདུག་པ་དང་། དངོས་ཡོད་ཀྱི་གནས་ཚུལ་འདི་ལོ་བཅུ་ཕྲག་ལྷག་གི་རིང་མི་དམངས་ལས་སྦས་ཡོད་པར་བརྗོད་འདུག ཕྱི་ལོ་༡༩༧༠ ཙམ་ནས་༡༩༩༠ བར་ཁྲག་དང་ཁྲག་གི་དངོས་པོ་ལས་བྱུང་བའི་ན་ཚ་རེག་དུག་གཉན་སྲིན་HIVདང་། མཆིན་ནད་དུག་ཐབས་hepatitis ཁྱབ་བརྡལ་ཕྱིན་ཡོད་འདུག ཧ་ལམ་མི་༣༠༠༠ གྲོངས་ཡོད་པ་དང་། གཞན་མི་མང་པོ་ཞིག་ལ་མི་ཚེ་གང་པོར་འཁྱེར་དགོས་པའི་ན་ཚ་འགོས་ཡོད་འདུག ཕྱི་ལོ་༡༩༤༨ ལ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཞབས་ཞུ་འགོ་བཙུགས་པ་ནས་བཟུང་ད་བར་དབྱིན་ཡུལ་གྱི་ནག་ཉེས་ཆེ་ཤོས་དེ་ཡིན་འདུག ཁྲིམས་དཔོན་གོང་མ་བི་རི་ཡན་Brian Langstaff ཡིས་གནས་ཚུལ་འདི་ཡི་ཁྲིམས་ཐག་གཅོད་མཁན་བྱས་ཡོད་པ་དང་། ཁོས་རིམ་པར་ཡོང་བའི་འགན་འཛིན་ཆ་ཚང་དང་སྨན་གྱི་ཆེད་ལས་པ་ཡོངས་ཀྱིས་ལས་ངན་མང་པོ་བྱས་ཡོད་པ་མ་ཟད། ད་དུང་རང་གི་ངོ་གདོང་དང་དངུལ་གི་དོན་དུ་ལས་ངན་བྱས་ཡོད་པ་ཁས་མི་ལེན་པ་སོགས་བྱེད་ཀྱི་ཡོད་པར་བཤད་འདུག ནག་ཉེས་ཅན་གྱི་གནས་ཚུལ་འདི་འགེབས་ཆེད་མི་ཚོས་ལས་འདྲ་མིན་བྱས་ཡོད་པ་ཁོས་ཤེས་པ་དང་། གཞུང་ཞབས་པས་དེ་དང་འབྲེལ་བའི་ཡིག་ཆ་རྣམས་མེད་པ་བཟོས་ཡོད་པའི་དཔང་རྟགས་ཀྱང་ཁོ་ལ་རག་ཡོད་འདུག “རྐྱེན་ངན་འདི་ནི་གློ་བུར་དུ་ནོར་ནས་བྱུང་བ་ཞིག་མ་རེད། འགན་ཆེན་པོ་ཡོད་པའི་དཔོན་རིགས་ཁག་དང་། སྨན་པ། ཞབས་ཞུ་བ་ཚོས་ནད་པའི་ཉེན་ཁ་དེ་གལ་ཆེན་མ་བརྩིས་པའི་རྐྱེན་གྱིས་ན་ཚ་དེ་འདྲ་འཕེལ་བ་རེད། གཞུང་གིས་ལན་འདེབས་སྟངས་ལ་བརྟེན་ནས་མི་དམངས་ཀྱི་སྡུག་བསྔལ་འདི་བྱུང་བ་རེད།” ཅེས་བི་རི་ཡན་གྱིས་བཤད་ཡོད་འདུག སྲིད་བློན་སུ་ནཀ་Rishi Sunak ཡིས་གནོད་འཚེ་ཕོག་པའི་མི་རྣམས་ལ་འགྱོད་བཤགས་ཕུལ་ཏེ། ད་ལན་གྱི་སྙན་ཐོ་འདི་ཐོན་ནས་དབྱིན་ཡུལ་གྱི་ངོ་ཚ་དགོས་པའི་ཉིན་མོ་ཞིག་ཏུ་གྱུར་སོང་ཞེས་བཤད་ཡོད་འདུག ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོས་གནས་ཚུལ་དེ་ལ་དོ་སྣང་སླེབ་ཕྱིར་དང་གཞུང་ནས་གུན་གསབ་རག་ཆེད་དུ་ལོ་བཅུ་ཕྲག་མང་པོའི་རིང་ངོ་རྒོལ་བརྒྱབ་ཡོད་འདུག མཐར་ཕྱི་ལོ་༢༠༡༧ ལོར་དང་གཞུང་གིས་ངོས་ལེན་བྱས་པ་དང་། དེ་རྗེས་ཀྱི་ལོ་བཞིའི་རིང་ལ་དཔང་པོར་མི་༥༠༠༠ ལྷག་དང་ཡིག་ཆ་༡༠༠ˌ༠༠༠ བསྐྱར་ཞིབ་བྱས་ཡོད་འདུགན་ཚ་འགོས་ཡོད་མཁན་མང་ཆེ་བ་ནི་Hemophilia ཟེར་བའི་ན་ཚ་ཡོད་མཁན་ཡིན་པ་དང་དེ་ཡོད་ན་ཁྲག་ལིང་ཆགས་པའི་ནུས་པ་དེ་ཉམས་ཀྱི་ཡོད་འདུག ཕྱི་ལོ་༡,༩༧༠ ཙམ་ལ་དབྱིན་ཡུལ་གྱིས་ཨ་རི་ནས་བཅོས་ཐབས་གསར་པ་ཞིག་ཁྱེར་ཡོང་ནས་ན་ཚ་དེ་ཡོད་མཁན་ཚོར་སྨན་བཅོས་བྱས་ཡོད་འདུག ཁྲག་གི་ན་ཚ་དེ་བཅོས་བྱེད་བཟོ་ཕྱིར་པུ་ལ་སི་མ་plasma བེད་སྤྱོད་བྱས་པ་དེ་ཚོ་ཁ་ཤས་བཙོན་པ་ལ་སོགས་པ་ནས་ཡིན་འདུག བཅོས་ཐབས་ཆེད་བཟོ་སྐྲུན་བྱེད་མཁན་གྱིས་ཁྲག་སྟོང་ཕྲག་མང་པོའི་པ་ལཛ་མ་བསྲེས་ནས་བཟོ་ཡི་ཡོད་པས།ན་ཚ་ཡོད་པའི་མི་གཅིག་ནས་ཁྲག་བླངས་པ་དེས་ཀྱང་གཞན་ཚང་མར་ན་ཚ་ཡོད་པ་བཟོས་ཡོད་འདུག སྙན་ཐོའི་ནང་Hemophilia ཡོད་པའི་ཕྲུ་གུ་༣༨༠ དང་བསྡོམས་པའི་མི་༡,༢༥༠ ལ་རེག་དུག་གཉན་སྲིན་འགོས་ཡོད་པ་དང་། དེ་ནས་མི་༣/༤ གྲོངས་ཡོད་འདུག གཞན་ཡང་མི་༥༠༠༠ ལ་གཅོང་ནད་དང་མཆིན་ནད་དུག་ཐབས་C འགོས་ཡོད་འདུག ཕྲུ་གུ་སྐྱེ་སྐབས་དང་། བཤའ་བཅོས་བྱེད་མཁན་ཧ་ལམ་མི་༢༦,༨༠༠ ལ་མཆིན་ནད་དུག་ཐབས་Cའགོས་ཡོད་འདུག སྲིད་བློན་སུ་ནཀ་ཡིས་གུན་གསབ་ཏུ་ཁྱོན་བསྡོམས་དབྱིན་སྒོར་ཐེར་འབུམ་༡༠ ཙམ་ཡོད་པ་དེ་སུ་ལ་རག་ཡོད་མེད་རེས་གཟའ་མིག་དམར་ཉིན་གསལ་བསྒྲགས་བྱེད་རྒྱུ་ཡིན་པ་ཁས་ལེན་དམ་བཅའ་བཞག་ཡོད་འདུགབི་རི་ཡན་གྱིས། གཞུང་གིས་ནོར་འཁྲུལ་ཤོར་ཡོད་པ་ཤེས་ཀྱང་ཁས་མ་བླངས་པར་མི་ཚོར་མུ་མཐུད་ནས་བཅོས་ཐབས་དེ་བེད་སྤྱོད་བྱེད་བཅུག་ནས་མི་ཚོར་སྡུག་བསྔལ་ཆེ་རུ་བཏང་བར་བརྗོད་འདུག “ནོར་འཁྲུལ་རེ་རེ་ཡིས་གནས་སྟངས་ཛ་དྲག་པོ་བཟོས་ཀྱང་ནོར་འཁྲུལ་ཚང་མ་མཉམ་དུ་བྱུང་ཚེ་རྐྱེན་ངན་ཚབས་ཆེན་ཆགས་པ་ཡིན་” ཞེས་བི་རི་ཡན་གྱིས་བཤད་ཡོད་འདུག ལས་འགུལ་སྤེལ་མཁན་ཚོགས་པ་Tainted Blood ནས་ཡིན་པའི་ཨི་ཝན་Andy Evan གྱིས་ “འདས་པའི་ལོ་༤༠ ནང་ང་ཚོས་རླུང་ལ་སྐད་ཆ་བཤད་པ་འདྲ་བོ་ཚོར་སོང། ང་ཚོའི་མི་རབས་ནས་མི་རབས་བར་མགོ་བསླུས་འདུག དེ་རིང་བཏོན་པའི་སྙན་ཐོ་འདིས་མགོ་སྐོར་སླུ་ཁྲིད་བྱེད་རྒྱུ་མཚམས་འཇོག་གི་རེད། སྙན་ཐོ་འདིས་མ་འོངས་པར་བལྟས་ཏེ་མུ་མཐུད་ནས་དེ་འདྲ་ཡོང་མི་ཆོག་ལབ་ཡོད།” ཅེས་བཤད་ཡོད་འདུག
གསར་འགོད་པ། བསྟན་འཛིན་གཡང་འཛོམ།